ཟླ་བ་ ༥ ཚེས ༡༨ ༢༠༡༨
Published By Kalsang Dekyi

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན།  རྩེད་འགྲན་འགྲོ་སྐབས་སོ་སོའི་མཁས་ལས་ངོ་བོའི་ཐོག་ནས་རང་གི་ངོ་བོ་མཚོན་ཐུབ་པ་བྱ་རྒྱུའི་རྒྱུན་ལྡན་འགྲོ་སྟངས་ཤིག་ཡོད།  དེའི་ཐོག་བོད་མིའི་གཤིས་ཀ་དེའང་མངོན་ཐུབ་པ་བྱེད་དགོས། ས་ཆ་གང་དུ་བསླེབ་ཀྱང་ང་ཚོ་བོད་མི་རིགས་ཀྱི་མཚན་མཐོང་ལ་རྒྱར་སྨིན་པ་ཞིག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་པ་ཚོས་སྤོབས་པ་བྱེད་ཐུབ་ཡག་ཞིག་རེད།

སྔ་མོ་ང་ཚོ་རྒྱ་གར་ལ་འབྱོར་མཚམས་སྐབས་ང་ཚོས་ཆོས་དང་རིག་གཞུང་། སྐད་ཡིག་ཙམ་བདག་པོ་བརྒྱབ་ཐུབ་ན་བསམ་པ་མ་གཏོགས་གཞན་བསམ་བློ་དེ་ཙམ་མེད། བར་སྐབས་ལོ་བཞི་བཅུ་ལྔ་བཅུ། དྲུག་ཅུ་ཕྱིན་པའི་སྐབས་ང་ཚོས་ནམ་རྒྱུན་སྨོན་ལམ་ནམ་རྒྱག་སྐབས་ཁ་ནས་སེམས་ཅན་ཐམས་ཅད། ཞེས་བྱམས་བརྩེར་བརྟེན་པའི་ང་ཚོའི་རིག་གཞུང་འདི་ཧ་ལས་པ་ཞིག་རེད་འདུག  ཚན་རིག་དང་མཐུན་ཞིང་། དེའི་ཐོག་ནས་བྱམས་བརྩེ་ཅན་གྱི་སྤྱི་ཚོགས་བཟོ་རྒྱུ།  བྱམས་བརྩེ་ཅན་གྱི་མི་ཞིག་བཟོས་ནས་དེ་ལས་གྲུབ་པའི་སྤྱི་ཚོགས་དེའང་བྱམས་བརྩེ་ལྡན་པ་ཞིག་བཟོ་ཐུབ་རྒྱུ་འདི་ཧ་ཅང་རྩ་བ་ཆེན་པོ་རེད་འདུག  ཁྱེད་ཚོས་ས་གནས་གང་དུ་བསླེབ་ཀྱང་བོད་པའི་རིག་གཞུང་གོམས་གཤིས་འདི་འཁྱེར་ནས་འགྲོ་རྒྱུ་མ་བརྗེད་པ་བྱོས། 

ཉིན་གུང་རྩེད་མོ་རྩེ་མཚན་མོར་ཆང་རག་འཐུང་ནས་རྒྱག་རེས་བརྒྱབ་མ་སྡོད་ཨང་། ཞེས་བཀའ་སློབ་སྩལ་འདུག

དེ་ཡང་ཐེངས་འདིར་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་རྣམས་ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་འཚོགས་རྒྱུའི་རྒྱལ་སྤྱིའི་རང་དབང་ཅན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ CONIFA World Football Cup 2018 ཞེས་པས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༡ ནས་ཟླ་ ༦ ཚེས་ ༡༠ བཅས་ཉིན་གྲངས་བཅུ་གཅིག་རིང་རྩེད་འགྲན་ཞིག་གོ་སྒྲིག་གནང་གཏན་འཁེལ་འདུག་པ་དེར་མཉམ་ཞུགས་གནང་རྒྱུ་ཡིན་འདུག

ཐེངས་འདིར་འགྲན་སྡུར་གྱི་གྲ་སྒྲིག་གནང་མཁན་སྦ་ར་ཝ་རྐང་རྩེད་སྤོ་ལོ་མཐུན་ཚོགས་ Barawa Football Association ཡིན་འདུག་པ་དང་རྩེད་འགྲན་ཡོངས་རྫོགས་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དང་ཉེ་འགྲམ་ས་ཁུལ་དུ་རྩེད་འགྲན་བྱ་རྒྱུ་དང་། རྩེད་འགྲན་རུ་ཁག་ ༡༦ མཉམ་ཞུགས་བྱ་རྒྱུ་ཡིན་འདུག །

Share with your friends










Submit