ཟླ་བ་ ༥ ཚེས ༡༧ ༢༠༡༨
Published By Kalsang Dekyi

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་རྡ་ཤོད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་གནང་ཡོད། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚན་པས་སློབ་ཕྲུག་རྣམས་ལ་བྱིས་སྒྲུང་དང་འབྲེལ་བའི་འགུལ་བརྙན་ཞིག་བསྟན་འདུག 

 སློབ་གྲྭའི་གསོལ་ཚིགས་ཁང་དུ་དཔལ་ལྡན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གཙོས།  ཤེས་ལྷན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་ལགས། དེ་བཞིན་དགེ་རྒན་དང་ལས་བྱེད་རྣམས་པ།  སློབ་ཕྲུག་བཅས་ཚང་འཛོམས་ཐོག་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་བྱིས་སྒྲུང་གི་འགུལ་བརྙན་ཚན་པ་མི་འདྲ་བ་རྣམས་ངོ་སྤྲོད་གནང་མཚམས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ “ཨ་ཁུ་ཕག་པ་འདོན་ཐེངས་གསུམ་པ་” དང་། “འབྱོར་རྒྱལ་དང་དོན་གྲུབ་” ཞེས་པའི་འགུལ་བརྙན་དབུ་འབྱེད་གནང་ཡོད།  དེ་ནས་འགུལ་བརྙན་རྣམས་སློབ་ཕྲུག་རྣམས་ལ་བསྟན་ཡོད།

སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་ཀློག་སྩལ་གྱི་གོམས་གཤིས་བཟང་པོ་དེ་རྒྱུད་ལ་འཇགས་དགོས་གལ་ཆེ་ཡིན་སྟབས་ད་ལྟ་ནས་རྒྱུད་ལ་འཇགས་ཐབས་བྱེད་དགོས་པ་དང་།  ཐོག་མའི་ཆར་ཏོག་ཙམ་དཀའ་ངལ་འཕྲད་སྲིད་ཀྱང་གོམས་གཤིས་ཐེངས་གཅིག་ཆགས་ཟིན་མཚམས་ཕྱིས་སུ་རྩོལ་བ་མི་དགོས་པར་ངམ་ཤུགས་ཀྱི་ཡོང་ཐུབ་པར་བརྟེན་མི་ཚེ་ཧྲིལ་པོའི་རིང་གོམས་གཤིས་བཟང་པོ་དེ་རྒྱུན་དུ་གནས་རྒྱུ་རེད།  

དེར་བརྟེན་རྒན་ལགས་ཀྱིས་མ་གསུང་གོང་སློབ་ཕྲུག་རང་ངོས་ནས་དཔེ་དེབ་སོགས་བཀླག་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།  སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་བཀའ་བློན་མཆོག་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་པར་ཐུགས་རྗེ་ཆེ་ཞུས་རྗེས།  ཤེས་ལྷན་ཚན་པའི་འགན་འཛིན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།

ཐེངས་འདིར་ “ཨ་ཁུ་ཕག་པའི་འགུལ་བརྙན་” མཐུན་འགྱུར་གནང་མཁན་ཨ་རི་ཐེབས་རྩ་ USAID དང་། “འབྱོར་རྒྱལ་དང་དོན་གྲུབ་” ཀྱི་འགུལ་བརྙན་མཐུན་འགྱུར་གནང་མཁན་ཁེ་ན་ཌ་རོགས་སྐྱོབས་ཐེབས་རྩ་  Global  Affairs Canada ཡིན་འདུག་པ་བཅས།

Share with your friends










Submit