Published By ngawang thokmey
༢༠༡༨ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བའི་ཉིན་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་ཡོད།  དེ་ཡང་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་། ས་བྷ་སོ་གོར་ Csaba Sogor མཆོག ར་མོན་ཏྲི་མོ་ས་ Ramon Tremosa མཆོག་བཅས་ཀྱིས་བཀའ་ཤག་མཇལ་འཕྲད་ཁང་དུ་ཕེབས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་འདུག
  དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་དྷ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ T-Building ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུའི་ལས་བྱེད་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི།  གསར་འགོད་པ་སོགས་ཚང་འཛོམས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱིས་འཚམས་འདྲིའི་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག 
སྐབས་དེར་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།  སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་ལ་མཚོན་ན་ཡུན་རིང་ནས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་ཞིང་། ས་བྷ་སོ་གོར་ Csaba Sogor  མཆོག་ལ་མཚོན་ན་ང་རང་སྒེར་དང་འབྲེལ་བ་ཆེན་པོ་ཡོད། ངོས་རང་ཡུ་རོབ་གྲོས་ཚོགས་སུ་ནམ་སྐྱོད་སྐབས་ཁོང་གི་ལས་ཁུངས་སུ་བཅར་བ་མ་ཟད། མཚམས་རེ་བར་སྟོང་སྐབས་ཁོང་གི་ལས་ཁུངས་ནང་ངལ་གསོ་རྒྱག་རྒྱུའི་གོ་སྐབས་ཀྱང་གནང་མྱོང་ཡོད། ཁོང་གིས་ལས་ཁུངས་ནང་བོད་མི་སུ་ཕེབས་ཀྱང་དགའ་བསུ་ཡོད་སྐོར་ཡང་གསུང་མྱོང་ཡོད།  ཁོང་ལ་མཚོན་ན་གྲངས་ཉུང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ལས་འགུལ་ནང་མཉམ་ཞུགས་གནང་མྱོང་ཡོད།  སྐུ་ཞབས་ཏྲི་མོ་ས་ Ramon Tremosa མཆོག་ལ་མཚོན་ན་བྷར་སེ་ལོ་ན་ Barcelona གྲོང་ཁྱེར་ནས་རེད། ཡུན་རིང་ནས་བོད་དོན་དང་འབྲེལ་བ་ཡོད་ཅིང་།  གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་བོད་མི་མང་ཡུ་རོབ་སྤྱི་འཐུས་སྐུ་ཞབས་དབང་ཆེན་ལགས་དང་འབྲེལ་བ་ཡོད།  ཅེས་སོགས་ངོ་སྤྲོད་གནང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་དོན།

སྐུ་ཞབས་ཐོ་མ་སི་མན་མཆོག

ལྟ་གྲུབ་ཐོག་ནས་བཙན་བྱོལ་བ་དང་མང་གཙོའི་རིང་ལུགས་དུས་མཉམ་དུ་ལག་བསྟར་ཐུབ་ཐབས་མེད། གང་ཡིན་བརྗོད་ན་བཙན་བྱོལ་བ་ཞིག་ཡིན་པའི་ངོས་ནས་དབུ་ཁྲིད་དང་དམིགས་ཡུལ་ངེས་ཅན་ཞིག་དགོས་པ་མ་ཟད། ཆིག་སྒྲིལ་དགོས་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེ་ཞིག་ཆགས་ཡོད།  འོན་ཀྱང་མང་གཙོ་ཡིན་པར་བརྟེན་དབུ་ཁྲིད་གཅིག་ལས་མང་བ་དང་ཕྱོགས་འགལ་ཚོགས་པའང་ཡོད་དགོས། བསམ་ཚུལ་གཅིག་ཁོ་ན་མིན་པར་བསམ་ཚུལ་འདྲ་མིན་ཡོད་དགོས།  ཆིག་སྒྲིལ་ངང་གནས་བཞིན་དུ་མི་འདྲ་བའི་ཁྱད་པར་སྣ་ཚོགས་ལོངས་སུ་སྤྱོད་ཐུབ་དགོས།  དེར་བརྟེན་བཙན་བྱོལ་བའི་གནས་སྟངས་འོག་མང་གཙོ་ལག་ལེན་ཟེར་བ་འགལ་བ་ལྟ་བུ་ཡིན། འོན་ཀྱང་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་ལྟར་ལག་བསྟར་དོན་འཁྱོལ་ཡོང་ཐབས་བྱེད་བཞིན་ཡོད།  དེར་བརྟེན་ང་ཚོས་བོད་མིའི་སྒྲིག་འཛུགས་འདི་རྒྱལ་མཚམས་མེད་པའི་མང་གཙོའི་སྒྲིག་འཛུགས་ཤིག་རེད། ཅེས་དང་།  བཙན་བྱོལ་ནང་གི་མང་གཙོ་རེད་ཅེས་བརྗོད་ཆོག 

ར་མོན་ཏྲི་མོ་ས་ Ramon Tremosa མཆོག

བོད་མི་ ༡༥༢ རང་ལུས་མེར་སྲེག་བཏང་ཡོད།  ཁྱེད་རྣམ་པ་དེ་རིང་ཡུ་རོབ་ནས་འདིར་ཕེབས་པ་ཙམ་གྱིས་བོད་མི་དེ་དག་གཙོ་བོར་གྱུར་བའི་གཞིས་བཞུགས་བོད་མི་རྣམས་ལ་དྲང་བདེན་དང་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཤུགས་ཆེ་ཞིག་བཏང་ཡོད།   ཡུ་རོབ་སྤྱི་མཐུན་ཚོགས་པ་ European Union དང་ཡུ་རོབ་གྲོས་ཚོགས་ European Parliament ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཐེངས་མང་བཞག་ཡོད།  དེར་བརྟེན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་ལ་མཚོན་ན་ཡུ་རོབ་གྲོས་ཚོགས་ནང་ད་བར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་མང་ཤོས་བཞག་ཡོད།  དེ་བཞིན་ཨ་རིའི་གྲོས་ཚོགས་ནང་དུའང་དེ་མཚུངས་རེད།  དེར་བརྟེན་ང་ཚོས་དུས་རྟག་ཏུ་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱི་བཀའ་དྲིན་སྙིང་བཅང་ཞུ་བཞིན་ཡོད། དུས་མཚུངས་འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། 

༸གོང་ས་༸སྐྱབས་མགོན་ཆེན་པོར་མཚོན་ན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་མཛད་མཁན་ཞིག་ཡིན།  ང་ཚོས་ཀྱང་དུས་རྟག་ཏུ་ཡུ་རོབ་སྤྱི་མཐུན་ཚོགས་པ་དེ་མུ་མཐུད་སྲ་བརྟན་གནས་ཐུབ་ཆེད་སྨོན་འདུན་ཞུ་བཞིན་ཡོད། 

ས་བྷ་སོ་གོར་ Csaba Sogor མཆོག

དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞུང་འབྲེལ་ཐོག་ནས་རྒྱབ་སྐྱོར་གནང་མཁན་ད་བར་ཨ་རིའི་སྲིད་གཞུང་ངམ་ཕོ་བྲང་དཀར་པོ་ཁོ་ན་ལས་བྱུང་མེད།  མ་འོངས་པར་ཡུ་རོབ་གྲོས་ཚོགས་ནས་ཀྱང་དེ་མཚུངས་རྒྱབ་སྐྱོར་གནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་དབར་འཚེ་མེད་ཞི་བ་གྲོས་མོལ་བརྒྱུད་ནས་བོད་ཀྱི་གནད་དོན་གསལ་ཐུབ་པའི་རེ་བ་ཞུ་བཞིན་ཡོད།  ཅེས་སོགས་གསུངས།

དེ་ནས་སྐུ་ཞབས་ Thomas Mann མཆོག་དང་། ས་བྷ་སོ་གོར་ Csaba Sogor མཆོག ར་མོན་ཏྲི་མོ་ས་ Ramon Tremosa མཆོག  དེ་བཞིན་སྤྱི་འཐུས་ཚོགས་གཞོན་མཆོག་བཅས་ཀྱིས་གསུང་བཤད་གནང་འདུག །

 

 


Share with your friends










Submit