ཟླ་བ་ ༥ ཚེས ༡༦ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།

བརྙན་འཕྲིན་གསར་འགྱུར་ཚན་པ་གྲགས་ཆེ་བ་Deutsche Welle

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཇར་མན་གྲོས་ཚོགས་German Bundestagཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་Human Rights Subcommittee of the German Parliament ནང་བོད་དོན་ཉན་ཞིབ་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཞིབ་ཕྲ་ངོ་སྤྲོད་གནང་ཞིང་། ཉན་ཞིབ་ཚོགས་གཙོ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇེ་སེན་MP Jesenམཆོག་ཡིན་འདུག

 

དེ་ཉིན་སྲིད་སྐྱོང་མཆོག་གིས་ཐོག་མར་འཇར་མན་བརྙན་འཕྲིན་གསར་འགྱུར་ཚན་པ་གྲགས་ཆེ་བ་Deutsche Welle  ཞེས་པའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག 

བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཙོགས་སྐབས།

དེ་རྗེས་བོད་དོན་ཉན་ཞིབ་གནང་རྗེས། འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་ཚོགས་གནང་ཡོད།  སྐབས་དེ་དག་ཏུ་སྲིད་སྐྱོང་མཆོག་གིས་འདི་ལོ་ནི་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཁྱོན་དུ་གཞུང་མང་གཉིས་དང་།  གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ནས་ད་བར་བོད་མི་དང་བོད་དོན་ཐོག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྐོར་དང་།  བོད་མི་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་འཛིན་ནས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་པ་དེ་ནི་བོད་ཀྱི་གནད་དོན་གསལ་རྒྱུའི་ཐབས་ལམ་ཉག་གཅིག་ཡིན་པ་མ་ཟད།  རྒྱ་ནག་གཅིག་གི་སྲིད་བྱུས་ One China Policy དང་རྩ་བ་ནས་མི་འགལ་བར་བརྟེན་ཨ་རིའི་གཞུང་ནས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་མུས་ཡིན་སྐོར་དང་།

ད་ལྟའི་བོད་ནང་གི་གནས་སྟངས་ལ་མཚོན་ན་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་ཆེ་བའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་ནི།  ཕྱི་ཕྱོགས་ནས་བོད་ནང་གི་གནས་སྟངས་སྐོར་དང་བོད་དོན་ཐོག་གླེང་སློང་བྱ་རྒྱུར་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་ཡོད་པ་མ་ཟད།  བོད་ནང་དུ་མཚོན་ན་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་ཀྱི་ས་ཁུལ་ཨང་གཉིས་པ་རེད་འདུག ཅེས་རང་དབང་ཁང་པའི་ freedom House ལོ་འཁོར་སྙན་ཐོ་བཏོན་པ་ལུང་འདྲེན་གནང་འདུག  སྙན་ཐོ་དེ་ལྟར་ན་དམ་བསྒྲགས་ཆེ་ཤོས་ཀྱི་ས་ཁུལ་ཨང་དང་པོ་དེ་དཀྱིལ་ཤར་ཡུལ་གྲུའི་ནང་གི་སི་རི་ཡ་ Syria རྒྱལ་ཁབ་ཡིན་འདུག

  ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་Reporters Without Bordersཀྱི་གསར་འགོད་པ་རྣམས་བོད་ནང་འགྲོ་ཐབས་བྱས་ཡོད་ཀྱང་བྱང་ཀོ་རི་ཡའི་ནང་འགྲོ་རྒྱུ་ལས་བོད་ནང་འགྲོ་རྒྱུར་དམ་བསྒྲགས་ཆེ་བ་འདུག  ཅེས་གསར་འགོད་བསྒྲགས་གཏམ་སྤེལ་ཡོད་སྐོར་དང་།  ད་བར་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་ལེགས་སྦྱང་།  སྐད་ཡིག་གི་རིག་གཞུང་།  ཁོར་ཡུག་དང་བཅས་པར་དངོས་ཤུགས་བརྒྱུད་གསུམ་ནས་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མ་ཟད།  གཞིས་བཞུགས་བོད་མི་ཚོའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ཐོག་རྒྱ་ནག་གཞུང་གི་དུས་རྟག་ཏུ་སོ་ལྟ་སོ་ཉུལ་སོགས་བྱས་ནས་མདོར་ན་བོད་མི་རྣམས་རང་ཡུལ་དུ་གྲལ་རིམ་གཉིས་པའི་མི་སེར་གྱི་གནས་བབ་འོག་གནས་བཞིན་ཡོད་སྟབས།  རིག་གནས་གསར་བརྗེ་བསྐྱར་སློག་བྱེད་པའི་གནས་སྟངས་འོག  རིམ་བཞིན་བོད་མིའི་ཐུན་མིན་ངོ་བོ་དང་ཁྱད་ཆོས་རྣམས་རྩ་ཡལ་དུ་བཏང་ནས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། 

ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་བོད་མིའི་མངོན་འདོད་རྣམས་གསལ་འདོན་ཆེད་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་གྲངས་ ༡༥༢ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་རྔམ་སྟོན་གནང་ཡོད་ཅིང་།   གལ་ཏེ་རྒྱ་ནག་གཞུང་གིས་བཤད་པ་ལྟར་བོད་ནང་གི་བོད་མི་ཚོས་བདེ་སྐྱིད་ཀྱི་དཔལ་ཡོན་ལ་ཅི་དགར་རོལ་བཞིན་ཡོད།  ཟེར་བ་དེ་དངོས་བདེན་ཡིན་ཚེ་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་གང་ཡིན་ནམ་ཞེས་གསུང་པ་དང་སྦྲགས། 

བོད་དོན་ཉན་ཞིབ་སྐབས།

སྲིད་སྐྱོང་མཆོག་གིས་ཆོས་དདད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པའི་སྐོར་གསུང་སྐབས། འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དགོན་པར་རྒྱ་ནག་གཞུང་གིས་གཏོར་བཤིག་ཚབས་ཆེ་བཏང་བ་མ་ཟད།  དེ་སྔ་དགེ་བཙུན་ཞལ་གྲངས་ཕྲི་གཅིག་ལྷག་ཙམ་ཡོད་པ་ནས་ད་ཆ་ཞལ་གྲངས་ ༥༠༠༠ ཚད་བཀག་བཟོས་པ་དང་།  ཕྱོགས་མཚུངས་ཡ་ཆེན་སྒར་དགོན་པའི་ནང་དུའང་དགེ་བཙུན་ཞལ་གྲངས་དེ་སྔ་ལས་ཧ་ཅང་ཉུང་འཕྲི་བྱས་ནས་ད་ཆ་ཞལ་གྲངས་ ༢༠༠༠ ནས་ ༣༠༠༠ ལས་བརྒལ་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་མདོར་ན་བོད་མི་ཆོས་བྱེད་དགེ་བཙུན་རྣམས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས་སུན་གཙེར་ཆེ་བར་བརྟེན་བླ་རུང་སྒར་གྱི་བཙུན་མ་གསུམ་ནས་རང་སྲོག་རང་གིས་བཅད་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་བའི་རྔམ་སྟོན་གནང་ཡོད་པ་གསུངས།

ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་ཀྱི་གཙང་ཆུ་ཆེ་ཁག་ཐོག་རྒྱ་ནག་གཞུང་གིས་རང་སྣང་གང་དྲན་ཐོག་ཆུ་མཛོད་ཚད་ལས་བརྒལ་བ་བརྒྱབ་པར་བརྟེན་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་གཅིག་ལྷག་གི་འཚོ་བའི་རྟེན་གཞིར་ཐད་ཀར་ཉེན་ཚབས་བཟོ་བཞིན་ཡོད་པ་དང་།

དེ་བཞིན་བོད་ཀྱི་གཏེར་ཁ་རྣམས་གང་བྱུང་སྔོག་འདོན་བྱས་དང་བྱེད་བཞིན་པའི་ཛ་དྲག་གནས་སྟངས་དང་།  བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ལམ་ལུགས་ལ་བརྩི་མེད་རྡོག་རོལ་བཏང་ནས་བླ་སྤྲུལ་གཞན་ལྟ་ཅི། བོད་མིའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལའང་ཐེ་བྱུས་བྱ་རྒྱུའི་ངན་སེམས་འཆང་བཞིན་ཡོད་པ་སོགས་གནས་སྟངས་ཆེས་ཛ་དྲག་དེ་དག་ལ་བརྟེན་ནས་རྒྱལ་སྤྱིའི་དྲང་བདེན་ལ་དགའ་བའི་སྤྱི་སྒེར་ཚང་མས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག

འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་ཚོགས་གནང་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷརནྜ་Mr. Brand (Fulda) མཆོག་གིས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་འདུག  ཚོགས་བཅར་བའི་ཁྲོད་འཇར་མན་གྲོས་ཚོགས་འཐུས་མི་ཙམ་མ་ཟད། ཕྱག་རོགས་ལས་བྱེད་གྲངས་ ༣༠ མཉམ་ཞུགས་གནང་འདུག སྐབས་དེར་ཚོགས་གཙོ་སྐུ་ཞབས་བྷརནྜ་Mr. Brand (Fulda) མཆོག་གིས་ཐོག་མར་སྲིད་སྐྱོང་མཆོག་ལ་ཕེབས་བསུ་དང་སྦྲགས། 

འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་དགོས་པའི་དགོས་དམིགས་རྣམས་ངོ་སྤྲོད་དང་བསྟུན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་སྐོར་གསུངས།

 




Share with your friends










Submit