ཟླ་བ་ ༥ ཚེས ༡༤ ༢༠༡༨
Published By Kalsang Gyatso

 ༢༠༡༨ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་འཇར་མན་རྒྱལ་ཁབ་ཏུ་ཉིན་ལྔའི་གཟིགས་སྐོར་དང་བསྟུན་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༡ ཉིན་ཡུལ་དེའི་གྲོང་ཁྱེར་ཕེ་རེངྐ་ཕོཌ་ Frankfurt ནང་ཕེབས་འབྱོར་སྐབས།  ས་གནས་བོད་རིགས་ཚོགས་པ་དང་བོད་ཁང་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ལོ་ ༦༠ འཁོར་བ་དང་སྟབས་བསྟུན་རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཁྱོན་དུ་སྲིད་གཞུང་ཁག་དང་མང་ཚོགས་རྣམས་ལ་ད་བར་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུའི་ལས་འཆར་སྤེལ་བཞིན་པ་ལྟར།  གྲོང་ཁྱེར་དེར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་འཇར་མན་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་ལོ་གཉིས་གོང་ནས་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་རྒྱུའི་ཐོག་བཀའ་ཤག་ནས་འཆར་གཞི་བང་བསྒྲིགས་པ་ལྟར་བར་ལམ་ནས་རྒྱལ་སྤྱིའི་སྲིད་གཞུང་དང་མང་ཚོགས་གཙོ་བོར་གྱུར་བའི་བོད་དོན་ཐོག་ད་བར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་དང་གནང་བཞིན་པའི་ཚོགས་པ་སྒྲིག་འཛུགས་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར་ཐེངས་འདིར་འཇར་མན་གཞུང་མང་གཉིས་ལའང་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་བོད་ཀྱི་ལོ་རྒྱུས་ཁྲོད་དུས་ཚོད་ཧ་ཅང་གཉན་འཕྲང་ཆེ་བའི་སྐབས་ལན་ལ་རེ་བ་མེད་པར་མཐའ་གཅིག་ཏུ་བདེན་པ་དང་འཚེ་མེད་ཞི་བའི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་པ་དང་སྦྲགས།  དུས་འགྱུར་དབང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཛད་དཀའ་ཇི་ཙམ་འཕྲད་ཀྱང་དུས་གསུམ་གསལ་གཟིགས་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆོས་དང་ལེགས་སྦྱང་། ཆབ་སྲིད་གང་གི་ཐོག་ནས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཐོག་ནས་མཛད་པ་བསྐྱངས་དང་སྐྱོང་མུས་ལ་བརྟེན་བོད་ས་ཤོར་ནས་མི་ལོ་ ༦༠ སོང་ཡང་འཐབ་རྩོད་མུ་མཐུད་རྣོ་ངར་ལྡན་པའི་ཐོག་གནས་ཡོད་སྐོར་གསུངས།

 ཕེ་རེངྐ་ཕོར་ཌ་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ཨུ་ཝེ་བྷེ་ཀར་ Uwe Becker མཆོག་མཛད་སྒོར་ཕེབས་པ་མ་ཟད་བོད་མི་དང་བོད་དོན་ཐོག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཡོད་པ་གསུངས། དེ་བཞིན་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཚོགས་མི་སྐུ་ཞབས་མེ་ཤལ་བྷ་རནྜ་ Michael Brand མཆོག་གིས་བོད་མིའི་སྲོལ་རྒྱུན་རིག་གནས་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་ཉམས་ཆགས་སུ་འགྲོ་རྒྱུར་ཉེན་ཚབས་ཆེན་པོ་ཡོད་པ་དེར་སེམས་འཚབ་ཡོད་སྐོར་གསུང་པ་མ་ཟད།  ལྷག་པར་ཧེ་སེ་མངའ་སྡེ་དང་སྤྱི་ནོར་༸གོང་ས་༸སྐྱསབ་མགོན་ཆེན་པོ་མཆོག་དབར་དེ་སྔ་ནས་དམིགས་བསལ་མཛའ་བརྩེའི་འབྲེལ་ལམ་ཡོད་ཁར་འཆར་ཟླ་ཕྱི་ཟླ་ ༩ ནང་མགོན་པོ་གང་ཉིད་མཆོག་མངའ་སྡེའི་ནང་སླར་ཡང་ཆིབས་སྒྱུར་བཀའ་དྲིན་བསྐྱང་གནང་མཛད་རྒྱུའི་མཛད་འཆར་ཡོད་སྐོར་གསུངས།

  དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧེ་སེ་མངའ་སྡེའི་གྲོས་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ནོར་བྷཊ་ཀཊ་མན་ Mr.Norbert Kartmann མཆོག་མཇལ་འཕྲད་གནང་ཡོད།

འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སྐུ་ཞབས་ན་ཌིན་བྷུ་མན་ Nadine Baumann ལགས་དང་།  འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀ་ཡི་མུལ་ལར་ Kai Muller ལགས།  འཇར་མན་བོད་རིགས་ཚོགས་པའི་སྐུ་ཚབ་སོགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གནམ་ཐང་དུ་ཕེབས་བསུའེ་སྣེ་ལེན་ཞུས་ཡོད་པ་བཅས།

Share with your friends










Submit