ཟླ་བ་ ༥ ཚེས ༢༢ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༥ ཚེས་ ༢༢ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ངོས་འཛིན་བྱས་ཐོག་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག 

དེ་ཡང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བས་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་ལྔའི་ཁྲིམས་ཐག་བཅད་པ་དེར། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུལ་ཤུལ་ཁུལ་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་དང་།  བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ལིང་ཞའོ་ཇུན་ Liang Xiaojun ལགས་ཀྱིས་ཊི་ཝི་ཊར་ Twitter སྟེང་བཀོད་ཡོད་པ་དེ་ལུང་འདྲེན་གནང་འདུག 

ཁུངས་ལྡན་གནས་ཚུལ་དེ་ཐོས་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སེམས་འཚབ་ཆེན་པོ་གནང་བ་དང་སྦྲགས་གསུང་དོན། “རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་མོ་འདི་ནི། ཁྲིམས་ལུགས་དབང་འཛིན་ལ་བརྩི་བཀུར་དང་ཡིད་ཆེད་ཞུ་མཁན་རྣམས་ལ་ཧ་ཅང་བློ་ཕམ་གྱི་ཉིན་མོ་ཞིག་ཆགས་ཡོད།

སྤྱིར་འདི་ལོའི་ལོ་མགོ་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༡ ཟླ་མགོ་ཙམ་ལ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱེད་སྐབས་ཁོང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་རྩ་བ་ནས་བྱེད་མེད་པ་མཐའ་སྐྱེལ་གནང་འདུག  དེར་བརྟེན་ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་ལ་མ་ཉེས་ཁ་གཡོགས་བྱས་པ་འདི་ནི་དྲང་བདེན་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཡིན།  བཀྲི་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད།  ཁོང་གིས་སྐད་ཡིག་སྲུང་སྐྱོབ་ཆེད་ལས་འགུལ་དེ་འདྲ་སྤེལ་དགོས་པ་དེ་བོད་མི་རྣམས་ལ་གཞི་རྩའི་ཐོབ་ཐང་མེད་པ་གསལ་པོར་མཚོན་ཐུབ་པ་མ་ཟད།  རྒྱལ་སྤྱིའི་ཁྲིམས་ལ་བརྩི་བཀུར་ཞུ་ཚུལ་བཤད་ཀྱང་དོན་དངོས་དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དྲག་པོ་བྱེད་ངེས་ཡིན།

དེ་རིང་གི་ཉིན་མོ་འདི་ནི་ཁྲིམས་ལུགས་དབང་འཛིན་ལ་བརྩི་བཀུར་དང་ཡིད་ཆེད་ཞུ་མཁན་རྣམས་ལ་ཧ་ཅང་བློ་ཕམ་གྱི་ཉིན་མོ་ཞིག་ཆགས་ཡོད།  འོན་ཀྱང་ང་ཚོས་བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་གློད་བཀྲོལ་ཆེད་འབད་བརྩོན་མུ་མཐུད་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད། ” ཅེས་གསུངས། །

Share with your friends










Submit