ཟླ་བ་ ༥ ཚེས ༡༥ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་  ༡༣ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཇར་མ་ནི་བོད་མི་རྣམས་ལ་གསུང་བཤད་གནང་འདུག དེ་ཡང་ཕྱི་ཚེས་ ༡༢ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན།  

དོན་གཅོད་དབུས་པའི་བོད་ཁང་དང་། འཇར་འཁོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ལ་ཐོག་མར་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  ཁ་སང་ཚོགས་གཙོ་དང་ལྷན་དུ་བཀའ་མོལ་བྱུང་སོང་། ཁོང་གིས་འཇར་མ་ནི་རུ་བོད་མི་སྟོང་ཕྲག་གཅིག་ཡོད་པ་རྣམས་ཁ་ཐོར་ནས་གནས་ཡོད་ཅིང་། ཕེ་རེངྐ་ཕོཌ་ Frankfurt གྲོང་ཁྱེར་ནང་བོད་མི་ཁྱོན་མི་གྲངས་ ༡༠༠ ཙམ་དང་།  Bonn སྦོན་ཕྱོགས་སུ་བོད་མི་ ༢༠༠། ཕྱོགས་མཚུངས་གྲོང་ཁྱེར་སྦར་ལིན་ Berlin ནང་དུ་བོད་མི་མང་པོ་ཞིག་གནས་བཞིན་ཡོད་པ་གསུང་བྱུང་།  

གཞི་རྩའི་ང་རང་ཚོ་ཕལ་མོ་ཆེའི་ཕ་མ་རྣམས་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་གྲས་རེད། ཕྱིས་སུ་འདིར་བཙན་བྱོལ་དུ་སླེབས་མཁན་རྣམས་ཀྱི་ཕ་མ་རྣམས་རྒྱ་གར་ནང་སྐྱེས་པ་ཕལ་ཆེར་རེད།  ད་ཆ་བོད་མི་རྣམས་བཙན་བྱོལ་དུ་སླེབས་ནས་ལོ་ ༥༩ འགྲོ་བཞིན་ཡོད།  ང་ཚོས་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་རྒྱལ་སྤྱིའི་ཁྱོན་དུ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་མུས་ཡིན།

ང་ཚོ་བཙན་བྱོལ་དུ་འབྱོར་ནས་བོད་མིའི་ཐུན་མིན་ཆོས་དང་ལེགས་སྦྱང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག་ཧྲ་ཐག་ཐག་ངང་གནས་ཡོད།  དེ་བཞིན་ཤེས་ཡོན་ཐོག་ལའང་ཡར་རྒྱས་ཧ་ཅང་འགྲོ་དང་འགྲོ་བཞིན་པ་མ་ཟད་དཔལ་འབྱོར་ཐོག་ནས་ཀྱང་ཡར་རྒྱས་གང་ཙམ་ཕྱིན་ཡོད།  ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ལམ་ལུགས་སྲ་བརྟན་ཐོག་ཚགས་ཚུད་རྒྱུན་སྐྱོང་ཐུབ་པ་དེ་དག་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་།  དེ་ནས་བོད་མི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམ་པས་སྐུ་ལས་སྐྱོན་པ་དང་།  དེ་བཞིན་རྒྱ་ཆེ་མང་ཚོགས་རྣམས་ནས་ཀྱང་ཧུར་ཐག་གནང་བའི་བཀའ་དྲིན་རེད།  ང་ཚོ་གཅིག་པུས་བྱས་པ་ཞིག་མིན་པར་དུས་དང་རྣམ་པ་ཀུན་ཏུ་ང་ཚོར་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་མི་སྣ་མང་པོ་ཞིག་གི་བཀའ་དྲིན་ཡང་ཆགས་ཡོད།  

  ཁ་སང་འཇར་མ་ནི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་ཡོད། སྐབས་དེར་བོད་མི་དང་བོད་དོན་ལ་ད་བར་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་ཕེབས་འདུག་པ་ཁོང་རྣམས་ལ་ཐུགས་རྗེ་ཞུའི་ཕྱག་རྟགས་འབུལ་སྐབས་དགའ་ཚོར་ཆེན་པོ་གནང་སོང་།   ཕྱི་ལོ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་ནང་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་གནང་མཛད་ནས་ལོ་ངོ་ ༦༠ འཁོར་བཞིན་ཡོད།  རང་གི་ལུང་པ་དང་༸ཞལ་བྲལ་ནས་ལོ་ ༦༠ སོང་ཟེར་སྐབས་ཡུན་རིང་པོ་རེད།  ཁྱེད་ཚོས་རང་གི་ཕྲུ་གུ་ཚོར་བོད་མིའི་ཐུན་མིན་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་དང་ལེགས་སྦྱང་།  སྐད་ཡིག་སོགས་ངེས་པར་དུ་ངོ་སྤྲོད་གནང་གལ་ཆེ།  

བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་ལ་མཚོན་ན་ཕྱི་ལོ་ ༢༠༠༦ ནས་ ༢༠༡༦ བར་བོད་མིའི་བཀའ་སྤྱིའི་འོས་བསྡུའི་སྐབས་འོས་འཕེན་མཁན་བརྒྱ་ཆ་བདུན་ཅུ་ལྷག་ཙམ་མང་དུ་ཕྱིན་ཡོད།   གཞོན་སྐྱེས་ནང་ཆབ་སྲིད་ལ་དོ་སྣང་ཇེ་ཆེར་འགྲོ་བ་དང་། དཔྱ་ཁྲལ་ལག་དེབ་སྤྲོད་མཁན་མང་དུ་ཕྱིན་ཡོད། འདི་ནི་ཡར་རྒྱས་རྣམ་པ་གསལ་པོ་ཞིག་རེད།

 འདི་ལོའི་ཕྱི་ཟླ་ ༨ པའི་ནང་ལྔ་དང་ལྔ་བཅུ་གཞོན་སྐྱེས་འཆར་སྣང་ལྷན་ཚོགས་འཚོགས་གཏན་འཁེལ་ཡོད། ཕྱོགས་མཚུངས་ཕྱི་ཟ་དགུ་པའི་ནང་རིག་གཞུང་དང་། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན་ཐོག་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་བཅས་རིམ་བཞིན་ཚོགས་འཆར་ཡོད་སྐོར་སོགས་གསུངས།

Share with your friends










Submit