ཟླ་བ་ ༥ ཚེས ༡༨ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་བརྒྱུད་ཨ་རིའི་ཁེ་ལི་ཕོར་ནི་ཡ་Californiaམངའ་སྡེའི་གྲོང་ཁྱེར་སན་ཕེ་རེན་སི་སི་ཁོ་San Franciscoནང་བཞུགས་སེམས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་པོལ་ཨེག་མན་Paul Ekmanམཆོག་དང་ལྷན། འཛམ་གླིང་ཁྱོན་དུ་བྱམས་བརྩེ་གོང་སྤེལ་ཇི་ལྟར་གཏོང་དགོས་པའི་སྐོར་བགྲོ་གླེང་མཛད་པ་མ་ཟད།  ཚན་རིག་པ་དང་། སེམས་ཁམས་རིག་པ་བ། ཆོས་པ་དང་།  སློབ་ཕྲུག་སོགས་ཀྱིས་ཟུར་ཉན་ཡང་ཞུས་འདུག   སྐབས་དེར་དོན་གཉེར་བ་ཁག་གཅིག་གི་དྲི་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་ཡང་སྩལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པར་བརྟེན་ད་ཆ་ང་ཚོས་བྱམས་བརྩེ་གོང་འཕེལ་ཡོང་ཐབས་ཆེད་འབད་བརྩོན་བྱེད་དགོས་སྐོར་བཀའ་སློབ་སྩལ་དོན།

 ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད། དེར་བརྟེན་ནང་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ཀྱིས་ཆོས་ཀྱིས་སྐད་ཆ་ཤོད་ཀྱི་མེད།  མི་སྐྱིད་པ་ཞིག་དང་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུའི་ཐོག་སྐད་ཆ་ཤོད་ཀྱི་ཡོད།  གཞན་གྱི་བདེ་སྡུག་ལ་ཇི་ཙམ་གྱིས་བསམ་བློ་བཏང་བ་དེ་ཚོད་ཀྱིས་རང་ཉིད་ཡིན་ནའང་སེམས་ལྷོད་པ་དང་།  གུ་ཡངས་བ།  སྐྱིད་པ་ཡོད།  ངོས་མི་གཅིག་གིས་དེ་ཙམ་བྱ་རྒྱུ་མེད། ང་ཚོ་ཚང་མས་ད་ཆ་གོ་ལ་ཧྲིལ་པོ་འདི་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་བཟོ་རྒྱུར་འབད་བརྩོན་ངེས་པར་དུ་བྱེད་དགོས། 

 ཞེས་བཀའ་སློབ་སྩལ་རྗེས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན།  རྒྱ་གར་ལ་མཚོན་ན་ལོ་ངོ་སྟོང་གི་རིང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་འཚོ་གནས་བྱས་ཡོད། རྒྱ་གར་རང་གི་གདོད་མའི་ཆོས་ལུགས་ཕུད་ཕྱི་ནས་དར་བའི་ཆོས་ལུགས་མང་དག་ཅིག་ཡོད་ཀྱང་ཆོས་ལུགས་ཕན་ཚུན་ཧ་ཅང་འཆམ་མཐུན་ངང་གནས་ཡོད།

ད་ལྟ་དུས་རབས་ ༢༡ ནང་ཡོད་ཀྱང་ང་ཚོར་དཀའ་ངལ་འཕྲད་མ་ཐག་དྲག་པོའི་ཐབས་ལམ་ཁོ་ནར་སྐྱབས་བཅོལ་ནས་སེལ་ཐབས་བྱེད་བཞིན་པ་འདི་ནི་དུས་རབས་ ༢༠ རྗེས་ལུས་ཀྱི་བསམ་བློ་ཞིག་རེད།   སྤྱིར་དུས་རབས་ ༢༠ ནང་ཚན་རིག་དང་དཔལ་འབྱོར།  ཤེས་ཡོན།  སྤྱི་ཚོགས་སོགས་གང་ཅིའི་ཐད་ནས་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་། དུས་རབས་དེའི་ནང་འཛམ་གླིང་དམག་ཆེན་དང་གཉིས་དང་། ཝི་ཏི་ནམ་དམག་འཁྲུག་སོགས་འཚེ་བའི་བྱ་སྤྱོད་ཤུགས་ཆེ་སྤེལ་བའང་བྱུང་ཡོད།  དེར་བརྟེན་ད་ཆ་སྔ་མོ་གདོད་མའི་དུས་སྐབས་དང་མི་འདྲ་བར་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་སྡོད་མི་བྱས་ཐབས་མེད་ཆགས་ཟིན་པའི་སྐབས་འདིར་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་བརྒྱབ་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཟེར་བ་ནི་ཧ་ཅང་རྗེས་ལུས་ཀྱི་བསམ་བློ་ཤིག་དང་།  ཕུགས་རྒྱང་ཐུང་ཞིང་ཅོལ་ཆུང་གི་བྱེད་སྟངས་ཤིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།

 དེ་ཡང་སྤྱིར་སྐུ་ཞབས་པོལ་ཨེག་མན་Paul Ekmanམཆོག་དེ་སྔ་༸གོང་ས་མཆོག་དང་ལྷན་མིའི་རྣམ་རྟོག་གི་ས་ཁྲ་ལྟ་བུ། མིའི་བསམ་བློའི་ནང་གི་དགའ་སྡུག་གི་ཚོར་བ་སོགས་རྣམ་རྟོག་གི་རྒྱུ་བ་འདྲ་མིན་ཡོད་པ་དེ་དག་གདོང་གི་རྣམ་འགྱུར་ལས་ཇི་ལྟར་ཤེས་ཐུབ་པ་དང་།   ཞེ་སྡང་དང་ཁོང་ཁྲོ་དང་།  ང་རྒྱལ་སོགས་བློ་མི་མཐུན་པ་རྣམས་ལ་གཉེན་པོ་བསྟེན་ཕྱོགས་སོགས་ཀྱི་ཐོག་ཕྱག་དེབ་གཅིག་ལྗགས་རྩོམ་མཛད་འདུག 

 ཐེངས་འདིར་བརྙན་འཕྲིན་བརྒྱུད་ཆུ་ཚོད་གསུམ་ཙམ་གྱི་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུ་མཁན་ཁེལ་ལི་ཕོར་ནི་ཡ་མངའ་སྡེའི་ནང་གི་བོད་ཁང་འགན་འཛིན་སྐུ་ཞབས་བསྟན་འཛིན་ར་ཝི་ཝརྨ་Dr Tenzin Ravi Vermaལགས་ཡིན་འདུག་པ་བཅས།

 

 

 

 

 

Share with your friends










Submit