ཟླ་བ་ ༤ ཚེས ༡༣ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༤ ཚེས་ ༡༣ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༢ ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་དང་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པའི་འགན་འཛིན་གཞོན་པ་སྐུ་ཞབས་ཇེམ་སི་མེཀ་གྷོ་ཝན་ James MCGovern མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཝ་ཤིན་ཊོན་ཌི་སི་ཁུལ་དུ་ཨ་རིའི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་ནས་བོད་དོན་ལས་འགུལ་སྔར་ལྷག་ཤུགས་ཆེ་རུ་གཏོང་ཐབས་ཆེད་གྲོས་མོལ་གནང་སྐོར་སོགས་ངོ་སྤྲོད་གནང་ཡོད།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་སི་ཊིབ་ཅ་བྷོཊ་ Steve Chabot མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨི་ལེ་ཡ་ན་རོ་སི་ལེ་ཊི་ནེན་Ileana Ros-Lehtinen མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་ཨ་རི་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཀྱི་རྩ་དོན་ཆེད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད།

ལྷག་པར་བོད་ཀྱི་ལས་འཆར་དང་བཙན་བྱོལ་བོད་མིའི་བསྟི་གནས་ཁང་དང་འཛིན་སྐྱོང་ཚགས་ཚུད་ཡོང་སླད་ཐེངས་འདིར་ཨ་རིའི་རོགས་དངུལ་ས་ཡ་གསུམ་འཕར་མ་གནང་བར་ཐུགས་རྗེ་ཆེ་ཞུས་འདུག  དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་གཞག་ཡོང་བའི་རེ་འདུན་དང་། ཨ་རྒྱ་ཡུལ་གཉིས་དབར་འདྲ་མཉམ་ཐོག་གོ་སྐབས་བརྗེ་ལེན་གྱི་ཆ་རྐྱེན་དེ་དག་བོད་ནང་ལག་བསྟར་གཅིག་མཚུངས་དགོས་པ་དང་།  ལྷག་པར་ཡུལ་གཉིས་འདྲ་མཉམ་ཐོག་གོ་སྐབས་བརྗེ་ལེན་བྱེད་སྐབས་བོད་ནང་དུའང་ཆ་རྐྱེན་དེའི་འོག་ Reciprocal Access to Tibet བོད་ཀྱི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་དགོས་པ་མ་ཟད།   ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཆོད་ཡིག་ཆ་ཨང་ ༤༢༩ ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཞུ་ཕྱོགས་ཀྱི་ཆ་རྐྱེན་དེའི་འོག བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཕྱོགས་ཐད་འཁོད་པ་དེ་སྲིད་སྐྱོང་མཆོག་གིས་གསལ་འདོན་གནང་འདུག

 དེ་རིང་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གསར་ཁང་གྲགས་ཅན་ཝ་ཤིན་ཊོན་པོ་སི་ཊི་ Washing Post ཞེས་པ་དང་། དེ་རྗེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་དང་ལེན་གནང་ཡོད་པ་བཅས། །

Share with your friends










Submit