ཟླ་བ་ ༤ ཚེས ༡༦ ༢༠༡༨
Published By Kalsang Dekyi

༢༠༡༨ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།

༄༅། །འདི་གར་བདེ་སྐྱིད་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༣ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྡེ་ར་སྡུན་དང་ཧ་པ་སྤུར་ཁུལ་གྱི་བོད་མི་རྣམས་ནས་སྡེ་ར་སྡུན་བོད་མིའི་ཁྲོམ་སའི་ཉེ་འཁྲིས་སུ་ཡོད་པའི་ཐང་ཆེན་ Parade Ground དུ་ཨུ་ཏར་ཁནཊ་མངའ་སྡེའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་མཛད་སྒོ་གཟབ་རྒྱས་གོ་སྒྲིག་ཞུས་ཡོད།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ར་ཇ་པུར་ཁུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁ་ཇན་དས་ Khajan Das མཆོག་དང་། ཆེ་བསྟོད་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དམིགས་བསལ་སྐུ་མགྲོན་ཨུ་ཏར་ཁནཊ་མངའ་སྡེའི་སྦི་ཇེ་པི་བུད་མེད་ལྷན་ཚོགས་ President of BJP Mahila Morcha, Uttarkhand ཀྱི་ཚོགས་གཙོ་ལྕམ་ནི་ལམ་སེ་གྷལ་ Neelam Sehgal Ji མཆོག   སྒྲོལ་མ་ཕོ་བྲང་གི་བདག་མོ་སྐལ་ལྡན་མཆོག  གཞན་ཡང་སྐུ་མགྲོན་ཁག་གཅིག་དང་ས་གནས་ཡུལ་མི་དང་བོད་མི་ཁྱོན་མི་གྲངས་ ༢༥༠༠ ལྷག་ཙམ་བཅས་མཛད་སྒོར་ཕེབས་ཡོད།

གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༡༠ ཐོག་ཆེད་འབོད་སྐུ་མགྲོན་རྣམ་པས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་ཐོག་མར་འབྲི་གུང་དགོན་པའི་དགེ་འདུན་པ་དང་བཙུན་མ་ཁག་གཅིག་གིས་ལེགས་སྦྱར་དང་བོད་སྐད་ཐོག་ནས་ཤིས་བརྗོད་གསུང་འདོན་གནང་། དེ་ནས་ཚང་མ་སྐུ་བཞེངས་ཐོག་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་སྟེ་མཛད་སྒོ་དབུ་འཛུགས་གནང་ཡོད།

དེ་རྗེས་སྡེ་ར་སྡུན་ཁྱབ་ཁོངས་བོད་མིའི་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་སྐུ་མགྲོན་རྣམ་པར་དགའ་བསུའི་འཚམས་འདྲི་དང་སྦྲགས། ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དང་། བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་ཕྱོགས་ཐད་ངོ་སྤྲོད་གསུང་བཤད་གནང་ཡོད།

དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་བརྩམས་གནང་བའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བསྟོད་དབྱངས་གཟིགས་འབུལ་ཞུས་གྲུབ་བསྟུན། དམིགས་བསལ་སྐུ་མགྲོན་ལྕམ་ནི་ལམ་སེ་གྷལ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག  སྐུ་མགྲོན་གཙོ་བོ་ར་ཇ་པུར་ཁུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁ་ཇན་དས་མཆོག་བཅས་ནས་གསུང་བཤད་གནང་ཡོད། དེ་ནས་རཇ་པུར་བོད་ཁྱིམ་སློབ་ཕྲུག་ཁག་གཅིག་ནས་བོད་ཀྱི་གཞས་མ་གྲགས་ཅན་པ་སངས་སྒྲོལ་མ་ལགས་ཀྱིས་ཆེད་རྩོམ་གནང་བའི་བསྟོད་གླུ་ Ae Hind Tujko Salaam ཞེས་པ་བཏང་གནང་ཡོད་པ་དང་། སྡེ་ར་སྡུན་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ནས་རིག་གཞུང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོོད།

མཐར་ཧ་པ་སྤུར་འདོད་རྒུ་གཡུ་རྒྱལ་གླིང་བོད་མི་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་དོན་ཕྱག་རྟགས་ཕུལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་འཇུག་སྒྲིལ་ཡོད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་བོད་དོན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་དང་། ཡན་ལག་སྨན་རྩིས་ཁང་དང་ས་གནས་འཕྲོད་བསྟེན་སྨན་ཁང་གཉིས་ནས་རིན་མེད་སྨན་བཅོས་བརྟག་དཔྱད་དང་སྨན་སྦྱིན། ཁམས་གླིང་ཚང་གཞིས་ཆགས་ནས་དྲིལ་བུ་ཏིང་བཤགས་སོགས་མཆོད་པའི་ཡོ་བྱད་སྣ་མང་གི་འགྲེམས་སྟོན། བདེ་སྐྱིད་གླིང་དང་རཇ་སྤུར་བཟོ་ཚོགས་གཉིས་ནས་འཐག་ལས་འགྲེམས་སྟོན། དོན་གྲུབ་གླིང་རྟེན་གཞི་བྱས་པའི་སྐེད་རགས་བཟོ་གྲྭ་ནས་བོད་ཀྱི་གྱོན་ཆས་རིགས་ཚོང་འགྲེམས། དེ་བཞིན་བདེ་སྐྱིད་གླིང་ཤེལ་རྒྱན་བཟོ་གྲྭས་ཤེལ་རྒྱན་དངོས་ཟོག་ཚོང་འགྲེམས། བོད་རིགས་དུད་འགྲོ་བྱམས་སྐྱོང་ཚོགས་པས་མི་མང་ལ་གོ་རྟོགས་ལས་འགུལ་སོགས་སྤེལ་ཡོད་པ་བཅས།།

 

Share with your friends










Submit