ཟླ་བ་ ༤ ཚེས ༡༣ ༢༠༡༨
Published By Kalsang Dekyi

༢༠༡༨ ཟླ་ ༤ ཚེས་  ༡༣ རེས་གཟའ་པ་སངས།

ལྷ་མོ་སྒྲོལ་མ་སོགས་གནས་སྐོར་བསྐྱོད་བཞིན་པ། ༢༠༡༨

༄༅། །ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་དོན་ལྟར་ན། མདོ་སྨད་འབོ་ར་ནས་ཡིན་པའི་བུད་མེད་ལྷ་མོ་སྒྲོལ་མ་ལགས་ལྷ་སར་གནས་མཇལ་དུ་ཕེབས་པའི་ལམ་དུ་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་བདེ་སྲུང་མི་སྣས་འཛིན་བཟུང་བྱས་འདུག
དེ་ཡང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་འབོ་ར་ཡུལ་ཚོ་ནས་ཡིན་པ་ལོ་གྲངས་ ༦༠ ལྷག་ཙམ་ལ་སླེབས་པའི་ལྷ་མོ་སྒྲོལ་མ་ལགས་ཕྱི་ཟླ་ ༣ པའི་ཚེས་༢༨ ཉིན་ཁོང་གི་སྤུན་མཆེད་འགའ་ཤས་དང་མཉམ་དུ། ལྷ་སར་རྐང་ཐང་གནས་སྐོར་ལ་བསྐྱོད་ཆེད་ཕ་ཡུལ་ནས་ཐོན་ཏེ་བདུན་ཕྲག་གཅིག་ཙམ་གྱི་རྗེས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་འབྱོར་མཚམས་དམག་ཆས་མ་གྱོན་པའི་རྒྱ་ནག་གཞུང་གི་བདེ་སྲུང་མི་སྣས་ལྷ་མོ་སྒྲོལ་མར་སྐད་ཆ་བཤད་དགོས་ཡོད་ཅེས་ཟུར་དུ་བཙན་འཁྲིད་བྱས་འདུག  དེ་ནས་བཟུང་ད་བར་ལྷ་མོ་སྒྲོལ་མ་ལགས་གར་འཁྲིད་གར་སོང་གསལ་ཆ་མེད་པར་ལུས་ཡོད་པ་འབྲེལ་ཡོད་བོད་མི་ཞིག་གིས་རྡ་རམ་ས་ལར་བཞུགས་པ་སྤྱི་འཐུས་ངག་དབང་ཐར་པ་ལགས་སུ་ངོ་སྤྲོད་བྱུང་བ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གནས་ཚུལ་འབྱུང་ཁུངས་ལྟར་ན། རྒྱ་ནག་གཞུང་གི་བདེ་སྲུང་མི་སྣས་ལྷ་མོ་སྒྲོལ་མ་ལགས་ཀྱི་སྤུན་མཆེད་དང་རོགས་པ་ཚོར་གལ་ཏེ་ལྷ་མོ་སྒྲོལ་མའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་ཚེ་མ་འགྲིག་པའི་ཉེན་བརྡ་བཏང་འདུག
ཕྱི་ལོ་ ༢༠༡༢  ལོར་ལྷ་མོ་སྒྲོལ་མ་ལགས་ཀྱི་སྤུན་མཆེད་དགེ་འདུན་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་འབོ་ར་ཡུལ་ཚོའི་ཁྲོམ་གཞུང་དུ་བོད་ལ་རང་དབང་དགོས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས།  ཞེས་ཞི་བའི་སྐད་འབོད་རྒྱབ་པར་བརྟེན་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཡོད།  ལྷ་མོ་སྒྲོལ་མ་ལགས་ཀྱིས་སངས་རྒྱས་རྒྱ་མཚོར་བཙོན་ཁང་ནང་ལྟོ་ཆས་སྤྲད་པར་བསྐྱོད་པ་ནས་བཟུང་། རྒྱ་ནག་གཞུང་གིས་ལྷ་མོ་སྒྲོལ་མར་དམ་བསྒྲགས་བྱེད་འགོ་བཙུགས་ཏེ། ཆབ་སྲིད་ཀྱི་དོགས་གཞིའི་འོག་ཁོང་གི་འགྲོ་སྡོད་རང་དབང་མེད་པ་བཟོས་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད་ལ། ཁོང་བླ་བྲང་བཀྲིས་འཁྱིལ་ལྟ་བུར་གཉེན་འཕྲད་དུ་བསྐྱོད་པའི་སྐབས་སུའང་འབྲེལ་ཡོད་ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་ནས་དམིགས་བསལ་ཆོག་མཆན་ཞུ་དགོས་པ་ཆགས་འདུག
གནས་ཚུལ་མཁོ་སྤྲོད་པས་གསུང་པ་ལྟར་ན་ལྷ་མོ་སྒྲོལ་མ་ལགས་ནི་ཆབ་སྲིད་དང་སློབ་སྦྱོང་སོགས་ཀྱི་གོ་རྟོགས་གང་ཡང་མེད་པའི་བུད་མེད་དཀྱུས་མ་ཞིག་རེད་འདུག།

Share with your friends










Submit