ཟླ་བ་ ༤ ཚེས ༡༧ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༤ ཚེས་ ༡༧ རེས་གཟའ་མིག་དམར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ཉིན་སྐུ་ཞབས་ (Mr.Gum Sha Aung) ལགས་ཀྱིས་སྣེ་འཁྲིད་པའི་མ་ཡན་མཱར་ Myanmar རྒྱལ་ཁབ་ཀྱི་ཀ་ཆེན་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད།

           དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇལ་འཕྲད་གནང་བ་དང་། ཐོག་མར་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་གནང་རྗེས།  སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་ལ་བོད་ཀྱི་གནད་དོན་སྐོར་གསུང་དོན།  ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ས་བཙན་འཛུལ་བྱས་ཏེ་བོད་ཀྱི་དགོན་སྡེ་གཏོར་བཤིག་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་མེད་བཏང་འགོ་འཛུགས་ནས་ད་བར་མི་ལོ་ ༦༠ ལྷག་ཕྱིན་ཡོད་ཀྱང་། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། རྒྱ་གར་གཞུང་གི་མཐུན་འགྱུར་རོགས་རམ་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་པ་སླར་གསོ་བྱུང་བ་མ་ཟད། དེང་སང་འཛམ་གླིང་སྟེང་ནང་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད།

ཕྱི་ལོ་ ༡༩༨༠ རྗེས་བོད་ནང་ཆོས་དང་རིག་གཞུང་སླར་གསོ་ཕྲན་བུ་བྱུང་ཡང་ཆ་ཚང་བ་ཞིག་བྱུང་མེད། དགོན་སྡེ་ཁག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཚུན་སྒྲིག་གཤོམ་བྱེད་མི་ཆོག་པ་དང་། རྒྱ་ནག་གཞུང་གི་མི་སྣས་བོད་མིའི་དགོན་སྡེ་ཁག་ལ་སྟངས་འཛིན་བྱེད་བཞིན་པ་མ་ཟད། དགོན་སྡེ་ཁག་གི་ནང་རྒྱ་ནག་གི་དཔོན་པོའི་པར་རིས་སྒྲིག་དགོས་པའི་བཙན་བཀའ་བཏང་དང་གཏོང་བཞིན་ཡོད། དེ་བཞིན་ད་ལྟའི་བོད་ནང་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་མི་རྣམས་མི་བཟོད་ཐབས་བྲལ་ཏེ་རང་ལུས་མེར་བསྲེགས་གནང་བཞིན་པ་དང་། ད་བར་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱི་བོད་མི་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་གནང་ཡོད།  བོད་མི་དེ་དག་གིས་རང་ལུས་ལ་མེ་འབར་བཞིན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ་བཅས་དགོས་འདུན་བཏོན་ཡོད་སྐོར་གསུངས།

ཕྱོགས་མཚུངས་བོད་ཀྱི་ཁོར་ཡུག་གི་སྐོར་ལ་ཚོགས་གཙོ་མཆོག་གིས་གསུང་དོན། བོད་ནང་རྒྱ་ནག་གཞུང་གིས་གཏེར་ཁ་གང་བྱུང་བསྔོག་འདོན་བྱེད་པ་དང་། ཤིང་ནགས་གཅོད་འབྲེགས་བྱེད་པ། ཆུ་མཛོད་ཆེན་པོ་བཙུགས་པ་སོགས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་བཏང་རྐྱེན་བོད་ནང་གི་སྤྱི་ཡོངས་ཀྱི་གནམ་གཤིས་ཀྱི་གནས་སྟངས་ལ་འགྱུར་ལྡོག་དང་ཁོར་ཡུག་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་མ་ཟད།  ཨེ་ཤི་ཡའི་ཡུལ་གྲུ་མང་པོར་ཁོར་ཡུག་གནས་སྟངས་ཀྱི་རྐྱེན་པས་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད།  དེ་ནི་ཆབ་སྲིད་ཀྱི་གནས་དོན་ཙམ་མིན་པར་དེ་ལས་བརྒལ་ཏེ་འགྲོ་བ་མིའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཡོད་སྟབས་ཚང་མས་དོ་སྣང་སྤྲོད་དགོས་པ་ཞིག་ཆགས་ཡོད་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་།

དེ་བཞིན་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་དྲི་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པས་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཕྱག་རྟགས་ཤིག་ཕུལ་གནང་བ་དང་། དེ་བཞིན་ཁོང་རྣམ་པས་འཚམས་འདྲིའི་མཉམ་གཞས་ཤིག་ཀྱང་བཏང་འདུག་པ་བཅས། །

Share with your friends










Submit