ཟླ་བ་ ༤ ཚེས ༢༥ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་སྟེ་བཞུགས་སྒར་དྷ་རམ་ཤཱ་ལའི་ཉེ་འགྲམ་གྷ་གྷལ་ Gaggal Airport གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།

སྐབས་དེར་གསར་འགོད་པ་ཞིག་གིས་༸གོང་ས་མཆོག་ལ་དེ་རིང་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཡིན་པས་དགོངས་ཚུལ་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས།  འདི་ཏོག་ཙམ་རྙོག་གྲ་ཚ་པོ་རེད།  རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་བདམས་པ་རེད།   དེ་ནས་ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ལམ་ལུགས་ལྟར་བྱས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་ངོས་འཛིན་བྱས་པ་ཡིན།  ངོས་ཀྱི་རེ་བར་རྒྱ་ནག་གཞུང་གིས་བདམས་པའི་པཎ་ཆེན་ཡང་སྲིད་ཁོང་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་གི་དྲུང་ནས་བསླབ་པ་སློབ་གཉེར་ཚུལ་བཞིན་གནང་བཞིན་ཡོད་ཤག་དང་།

ཕྱོགས་མཚུངས་ངོས་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེར་མཚོན་ན།  ཁོང་གི་སྐོར་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་རྩ་བ་ཉིད་ནས་མེད་པར་གར་སོང་ཆ་མེད་ལྟ་བུ་ཆགས་པ་རེད།  འོན་ཀྱང་ཕྱིས་སུ་ཁུངས་ལྡན་གནས་ཚུལ་ལྟར་ན་ད་ལྟ་ཁོང་སྐུ་འཚོ་ཞུགས་ཡིན་པ་དང་།  རྒྱུན་ལྡན་གྱི་སློབ་སྦྱོང་གནང་མུས་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་།  ལོ་བརྒྱ་ཙམ་གོང་བོད་ནང་མཁྱེན་བརྩེ་དབང་པོ་ཞེས་བླ་མ་རྩ་ཆེན་ཞིག་བྱུང་བ་ཁོང་དགོངས་པ་གཤེགས་རྗེས་ཁོང་གི་ཡང་སྲིད་ལྔ་བྱུང་བ་རེད།  སྐུ། གསུང་།  ཐུགས། ཡོན་ཏན། འཕྲིན་ལས་བཅས་ལྔ་བྱུང་བ་རེད།  དེར་བརྟེན་བླ་མ་གཅིག་ལའང་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་པ་ཞིག་ཀྱང་རེད། ཅེས་བཀའ་ལན་གནང་རྗེས་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་བཅས། །

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་འཆར་འགན་འཛིན་ཇི་ལི་ཨན་ Jillian Turner ལགས་དང་། དྲུང་ཆེ་ཨི་ཤམ་ Bryce Isham ལགས། འབྲེལ་ཡོད་ལས་བྱེད་ཇེ་བྷེ་དཱས་ J.P. Das ལགས། ཨ་རི་བོད་ཀྱི་ཐེབས་རྩའི་འབྲེལ་མཐུད་པ་བསྟན་འཛིན་ཆོས་འཕེལ་ལགས། ཤེས་རིག་དྲུང་འཕར་ངག་དབང་ཡོན་ཏན་ལགས་བཅས།

 

 

Share with your friends










Submit