ཟླ་བ་ ༤ ཚེས ༡༦ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།

༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༤ ཉིན་སྦེ་ཨེ་རི་ཡར་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ལ་འཚམས་གཟིགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད ༡༠ ཙམ་ལ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ས་སྐྱའི་ཆོས་ཚོགས་དཔལ་བརྩེ་ཆེན་གླིང་དུ་ཕེབས་འབྱོར་སྐབས་མཁན་པོ་བསོད་ནམས་དོན་གྲུབ་ལགས་དང་ཆོས་ཕྱོགས་ཀྱི་རྒྱུན་ལས་ཁག་གཅིག་ནས་ཕེབས་བསུ་དང་ཆོས་ཚོགས་ངོ་སྤྲོད་གནང་།

དེ་རྗེས་ཆུ་ཚོད་ ༡༡ ཙམ་ལ་གནས་ཆུང་དགེ་རྩའི་ཆོས་ཚོགས་ལ་ཕེབས་སྐབས་ཆོས་ཚོགས་ཀྱི་རྒན་ངག་དབང་མཁྱེན་རབ་ལགས་ཀྱིས་ཕེབས་བསུ་དང་ཆོས་ཚོགས་ཀྱི་བྱུང་རབ་ངོ་སྤྲོད་ཞིབ་རྒྱས་གནང་། ཆུ་ཚོད་ ༡༢ ཐོག་སེར་བྱས་དགེ་རྩ་ཚོགས་པར་ཕེབས་ནས་མཁན་པོ་བློ་བཟང་ལགས་ཀྱིས་ཕེབས་བསུ་དང་ཆོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་ངོ་སྤྲོད་གནང་།ཆུ་ཚོད ༡ ཐོག་རྒྱུད་སྟོད་དགེ་རྩ་ཚོགས་པར་ཕེབས་ནས་ཆོས་ཕྱོགས་ཀྱི་རྒན་བསྟན་འཛིན་དོན་ཡོད་ལགས་ཀྱིས་གཙོས་ཚོགས་པའི་རྒྱུན་ལས་ཁག་གཅིག་གིས་སྣེ་ལེན་དང་བཅས་ཆོས་ཕྱོགས་ཀྱི་ལོ་གཅིག་གི་ནང་ཆོས་གོ་རྟོགས་དང་འབྲེལ་བའི་ཕྱག་ལས་གནང་ཕྱོགས་སྐོར་ཞིབ་གནས་སྙན་སེང་གནང་ཡོད།

སྐུ་ཚབ་དོན་གཅོད་མཆོག་གིས་ས་གནས་བྱང་ཁ་ལེ་ཧྥོ་ནེ་ཡ་སྦེ་ཨེ་རི་ཡ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་རྩ་ཆོས་ཚོགས་ཁག་དང་།  ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་མང་ཚོགས་དབར་དུས་རྒྱུན་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད་པར་མངགས་བརྗོད་དང་མ་འོངས་པར་མུ་མཐུད་འབྲེལ་བ་དམ་ཟབ་གནང་དགོས་པའི་ལམ་སྟོན་གནང་ཡོད།

སྐབས་དེར་སྐུ་ཚབ་དོན་གཅོད་དང་མཉམ་དུ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རང་གྲོལ་ལགས་དང་། སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས། བོད་རིགས་འབྲེལ་མཐུད་པ་བསྟན་འཛིན་ཚེ་དཔག་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།

Share with your friends










Submit