Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།

༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་། བྱང་ཁེལ་ལི་ཕོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་ཕྱི་ལོ་ ༢༠༡༨ ཟླ་  ༤ ཚེས་ ༡༤ ཉིན་ San Francisco Bay Area ས་ཁུལ་དུ་རྒྱ་རིགས་གྲོགས་པོ་ཚོས་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱ་རིགས་གྲོགས་པོ་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ངོ་སྤྲོད་ཆེད་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་ཡོད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ཕྱི་ལོ་  ༢༠༡༨ ནི་རྒྱལ་སྤྱིའི་ཁྱོན་དུ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལོ་ལ་གཏན་འབེབས་གནང་བ་ལྟར། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་། བྱང་ཁེལ་ལི་ཕོ་ནི་ཡ་་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་རྒྱ་རིགས་འདུས་སྡོད་མང་བའི་ San Francisco Bay Area ས་ཁུལ་དུ་གོང་གི་བྱེད་སྒོ་འདི་གྲ་སྒྲིག་གནང་བ་ཞིག་ཡིན་ཞིང་། ལྷོ་བྱང་ཁེལ་ལི་ཕོ་ནི་ཡ་ས་ཁུལ་ནས་རྩོམ་པ་པོ་དང་། ཤེས་ཡོན་ཅན། གཞོན་སྐྱེས། མང་གཙོ་དོན་གཉེར་གནང་མཁན་སོགས་རྒྱ་རིགས་ ༨༠ ཙམ་མཉམ་ཞུགས་གནང་ཡོད་པ་མ་ཟད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་དང་། ས་གནས་ཀྱི་ཆོས་ཚོགས་ཁག་གི་འགན་འཛིན། ཁྲིམས་ཞིབ་པ་ཟུར་པ་ཕུན་རབ་བློ་བཟང་དར་རྒྱས་ལགས་སོགས་གཞུང་ཞབས་ཟུར་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སོགས་བོད་རིགས་ཁག་གཅིག་བཅས་ཁྱོན་བསྡོམས་མི་གྲངས་ ༡༠༠ ལྷག་ཙམ་བྱེད་སྒོ་འདིར་མཉམ་ཞུགས་གནང་ཡོད།

ཐོག་མར་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་རྒྱ་སྐད་ཐོག་ཐེངས་འདིའི་འདུ་འཛོམས་གྲ་སྒྲིག་གནང་དགོས་པའི་དགོས་དམིགས་དང་། བོད་རིགས་སྐུ་མགྲོན་རྣམས་ངོ་སྤྲོད་གནང་རྗེས་བྱང་ཁེལ་ལི་ཕོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རང་གྲོལ་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་། སྐུ་ཚབ་དོན་གཅོད་མཆོག་གིས་གསུང་བཤད་གནང་སྐབས། རྒྱ་རིགས་ལས་དོན་གྱི་གལ་ཆེའི་རང་བཞིན་དང་། ༧གོང་ས་མཆོག་གིས་བོད་རིགས་རྣམས་ལ་རྒྱ་རིགས་མཉམ་དུ་འཆམ་མཐུན་བྱེད་དགོས་པའི་ལམ་སྟོན་ཡང་ཡང་གནང་གི་ཡོད་པའི་སྐོར། རྒྱ་རིགས་གྲོགས་པོ་རྣམས་ཀྱིས་བོད་ཀྱི་གནད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་ཐོག་ཁྱེད་རྣམས་ཀྱིས་མཁྱེན་རྟོགས་བྱུང་བའི་དངོས་དོན་རྣམས་རྒྱ་རིགས་གཞན་རྣམས་ལ་ངོ་སྤྲོད་ཡོང་བའི་འབོད་སྐུལ་ཞུས།

ལྷོ་ཁེལ་ལེ་ཕོ་ནི་ཡའི་རྒྱ་རིགས་ཀྱི་སྐུ་ཚབ་ Chen Weiming ལགས་དང་། བྱང་ཁེལ་ལེ་ཕོ་ནི་ཡའི་རྒྱ་རིགས་སྐུ་ཚབ་ Fang Zheng ལགས།  ཧོང་ཀོང་ནས་ཡིན་པའི་རྒྱ་རིགས་ Chen Dazheng  ལགས། ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་མཆོག་མཇལ་བཅར་དང་བོད་མིའི་གནས་སྟངས་ཤེས་རྟོགས་གནང་བར་ཕེབས་མཁན་ན་གཞོན་རྒྱ་རིགས་ Han Feihu ལགས་བཅས་ནས་གསུང་བཤད་མདོར་བསྡུས་རེ་གནང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་གུས་བརྩི་དང་། བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་གདེང་འཇོག ༧གོང་ས་མཆོག་དང་བོད་མི་རྣམས་ཕྱི་ལོ་  ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནི་སེམས་སྐྱོ་དགོས་པ་ཞིག་ཡིན་ཀྱང་། ༧གོང་ས་མཆོག་གིས་བོད་མི་རིགས་ཀྱི་རིག་གཞུང་གི་སྙིང་བཅུད་བྱམས་དང་སྙིང་རྗེ། འཚེ་མེད་ཞི་བའི་དགོངས་པ་རྣམས་རྒྱ་རིགས་ཐེ་བའི་འཛམ་གླིང་མི་མང་ལ་ངོ་སྤྲོད་མཉམ་སྤྱོད་གནང་བར་ང་ཚོས་དགའ་སྒོམ་བྱེད་དགོས་པ་སོགས་སེམས་འགུལ་ཐེབས་དགོས་པའི་གསུང་བཤད་གནང་།

རྒྱ་རིགས་སྒྱུ་རྩལ་བ་ Chen Weiming ལགས་ཀྱིས་༧གོང་ས་མཆོག་གི་སྐུ་བརྙན་དཔར་རྩ་ཞིག་གསར་བཞེངས་གནང་ཡོད་པ་འདི་ཆེད་དུ་ཚོགས་ཁང་ནང་བསྣམས་ཏེ་གསུང་དོན། དཔར་རྩ་འདི་གཞི་ལ་བཞག་ནས་ཕྱི་ལོ་  ༢༠༡༩ ལོའི་སྐུའི་འཁྲུངས་སྐར་དུས་ཆེན་སྐབས་སྐུ་བརྙན་ ༡༢ བཞེངས་ཏེ་སྐུ་ཚབ་དོན་གཅོད་ཁང་ ༡༢ ལ་ཕུལ་སྟེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མཚོན་པ་བྱེད་རྒྱུ་ཡིན་ཞེས་གསུངས།

དེ་སྔ་ལྷ་སར་ཡུལ་སྐོར་སྤྲོ་འཆམ་པའི་སྣེ་ཤན་བྱས་ནས་ལོ་བཅུ་ཙམ་བསྡད་མྱོང་མཁན་རྒྱ་རིགས་ཤིག་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་སར་ཟུར་དུ་བཅར་སྟེ། ཁོ་རང་དེ་སྔ་ལྷ་སར་བསྡད་སྐབས་དངོས་ཡོད་གནས་ཚུལ་མ་ཤེས་པའི་དབང་གིས་༧གོང་ས་མཆོག་ལ་མཚན་དམས་དང་། བོད་པར་དམའ་འབེབས་བྱེད་མྱོང་ཡོད། འོན་ཀྱང་ད་ལྟ་དངོས་ཡོད་གནས་ཚུལ་ཤེས་པའི་རྗེས་ལ་བསམ་བློ་གཏོང་སྐབས་འགྱོད་པ་ཆེན་པོ་འདུག བོད་རིགས་རྣམས་ལ་དགོངས་སེལ་ཞུ་རྒྱུ་ཡིན་ཅེས་གསུང་འདུག

གསུང་བཤད་ཀྱི་ལས་རིམ་ཚར་རྗེས་ལྕགས་ཟམ་ཟློས་གར་དང་། སེམས་ཤུགས་སྤུན་ཟླ། བོད་ཀྱི་ཟློས་གར་ཟུར་པ། རིག་གཞུང་སློབ་གྲྭའི་སློབ་མ་བཅས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གནང་བར་རྒྱ་རིགས་གྲོགས་པོ་ཚོས་ཧ་ཅང་གི་དགའ་པོ་བྱེད་པ་མ་ཟད། རྒྱ་རིགས་གྲོགས་པོ་ཚོའི་སེམས་ནང་བག་ཆགས་ཟབ་མོ་བཞག་ཐུབ་པ་བྱུང་བ་བཅས་ཀྱི་གནས་ཚུལ་དུ། །

Share with your friends










Submit