ཟླ་བ་ ༤ ཚེས ༡༢ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ།


༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆཌ་སྒེར་ Richard Gere ལགས་རྣམ་གཉིས་ཀྱིས་ཁེ་པི་ཊོལ་ཧིལ་ Capitol Hill དུ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ Senate Foreign Relations Committee ཚོགས་གཙོ་དང་ཨ་རི་གྲོས་ཚོགས་གོང་མའི་འཐུས་མི་གཅིག་ལྕོགས་སྐུ་ཞབས་བྷོབ་ཀོར་ཀར་ Bob Corker མཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐིའུ་མེ་ཁ་ཆི་ Matteo Mecacci ལགས་རྣམ་གཉིས་ཀྱང་ལྷན་དུ་བཅར་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷོབ་ཀོར་ཀར་མཆོག་ལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་གཞག་ཡོང་བའི་སྐོར་དང་། ཨ་རྒྱ་ཡུལ་གཉིས་དབར་གོ་སྐབས་བརྗེ་ལེན་གྱིས་བོད་ཀྱི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཀྱི་གནད་དོན་ Reciprocal Access to Tibet ཆེད་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་ཡོད་པ་མ་ཟད། སྐུ་ཞབས་བྷོབ་ཀོར་ཀར་མཆོག་གིས་དུས་ཚོད་སྟོན་ཏེ་བོད་ཀྱི་རྩ་དོན་སྐོར་ཉན་འཇོག་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

དེ་ཉིན་གྱི་ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཆེད་མཁས་མི་སྣ་དང་། མཁས་དབང་། ཉམས་ཞིབ་པ་སོགས་མི་གྲངས་ ༣༠ ལྷག་དང་ལྷན་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་རྒྱ་གྲོས་མོལ། བོད་ནང་གི་ཛ་དྲག་གནས་སྟངས། བོད་མིའི་རང་ལུས་མེར་སྲེག་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ཡོད་པ་བཅས།

Share with your friends










Submit