ཟླ་བ་ ༤ ཚེས ༡༡ ༢༠༡༨
Published By Kalsang Gyatso

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༡ རེས་གཟའ་ལྷག་པ།

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ལ་ཕེབས་འབྱོར་གནང་འདུག  དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། རྒྱལ་ས་ཝ་ཤིན་ཊོན་ཁུལ་གྱི་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཀྱིས་གནམ་ཐང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

རྒྱལ་ས་ཝ་ཤིན་ཊོན་ཁུལ་དུ་ལས་རིམ་གྱི་ཐོག་མར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སི་ཊེ་ཧྥི་ཌེ་ནེ་སི་ Steve Daines མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐུ་ཞབས་སི་ཊེ་ཧྥི་ཌེ་ནེ་སི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་འགན་འཛིན་ཡིན་ཞིང་། མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་སི་ཊེ་ཧྥི་ལགས་ཀྱིས་ཉེ་ཆར་བོད་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས་རང་ཉིད་ལ་བྱུང་བའི་མྱོང་ཚོར་སྐོར་དང་། རྒྱ་ནག་གི་དཔོན་རིགས་རྣམས་དང་ལྷན་དུ་བོད་ནང་གི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས་བྱེད་བཞིན་པ་སོགས་བོད་དོན་དང་འབྲེལ་བའི་གནད་དོན་ཁག་གཅིག་གི་ཐོག་གླེང་སློང་གནང་ཡོད་སྐོར་གསུངས་འདུག

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གྲྭ་ཤག་གཏོར་བཤིག་བཏང་བ་དང་གཏོང་མུས་ཡིན་པའི་སྐོར་དང་། བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་བཅས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཁག་ངོ་སྤྲོད་གནང་བ་མ་ཟད། མ་འོངས་པར་གོ་སྐབས་ནམ་བྱུང་ལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་དབུ་མའི་ལམ་སྲིད་བྱུས་སྐོར་རྒྱ་ནག་གི་འགོ་ཁྲིད་དང་ལྷན་གླེང་སློང་ཡོང་བའི་རེ་སྐུལ་གནང་འདུག ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་སྐུ་ཞབས་སི་ཊེ་ཧྥི་ལགས་ཀྱིས་བོད་ནང་གཟིགས་སྐོར་ཕེབས་སྐབས་བོད་དོན་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མ་འོངས་པར་སྐུ་ཞབས་སི་ཊེ་ཧྥི་ལགས་བཞུགས་སྒར་རྡ་སར་གཟིགས་སྐོར་དུ་ཕེབས་རྒྱུའི་མགྲོན་འབོད་གནང་ཡོད།

དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་མཐུན་བསྟི་གནས་ཁང་ International Republican Institute གི་ཚོགས་གཙོ་དང་འབྲེལ་ཡོད་ལས་བྱེད་བགྲེས་པ་ཁག་གཅིག་དང་མཇལ་འཕྲད་གནང་བ་དང་། མཇལ་འཕྲད་སྐབས་རྒྱ་ནག་སྟོབས་འབྱོར་རྒྱས་བཞིན་པའི་གནད་དོན་དང་། མང་གཙོའི་རིང་ལུགས་དར་འཕེལ། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་བསྟི་གནས་ཁང་དེའི་བར་འབྲེལ་ལམ་འཛུགས་ཕྱོགས་སོགས་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་གནང་འདུག བསྟི་གནས་ཁང་དེས་གཙོ་བོ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་མང་གཙོ་གོང་མཐོར་ཆེད་ཞབས་འདེགས་ཞུ་བཞིན་ཡོད་འདུག དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་བཅར་ཡོད་པ་བཅས།།

Share with your friends










Submit