ཟླ་བ་ ༤ ཚེས ༢༠ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༤ ཚེས་ ༢༠ རེས་གཟའ་པ་སངས།

 

༄༅། །ལྡི་ལི་སྐུ་ཚབ་དོན་ཁང་གི་ཤེས་ཡོན་འགན་འཛིན་གྱིས་འདི་གར་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༨ རེས་གཟའ་ལྷག་པ་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལྡི་ལིའི་གུ་རུ་གོ་ཝིན་སིངྒ་མཐོ་སློབ་ཀྱི་ཚོགས་ཁང་ Guru Gobind Singh Indrapastha University  ནང་དུ་ཕྱི་ལོ་  ༢༠༡༨ ལོའི་ཕྱི་རྒྱལ་སློབ་ཕྲུག་འདུ་འཛོམས་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད།

  དེ་ཡང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་སྣང་གསལ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཕྱི་རྒྱལ་སློབ་ཕྲུག་ཚན་པའི་འགན་འཛིན་གྱིས་མཛད་སྒོའི་བྱུང་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་སློབ་སྦྱོང་བྱེད་སྐབས་རང་ཉིད་སོ་སོའི་ལྟོ་གོས་འཚོལ་རྒྱུ་ཙམ་ལ་དམིགས་ནས་མིན་པར། སོ་སོའི་རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་ཡོངས་ལ་ཕན་ཐོགས་སྒྲུབ་རྒྱུའི་ཀུན་སློང་བཟང་པོ་ཡིད་ལ་བཅངས་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་གསུང་བཤད་གནང་རྗེས་རྒྱལ་ཁབ་འདྲ་མིན་གྱི་སློབ་ཕྲུག་རྣམས་ནས་སོ་སོའི་རིག་གཞུང་འཁྲབ་སྟོན་གནང་།  སྐབས་དེར་བོད་པའི་སློབ་ཕྲུག་རྣམས་ནས་ཀྱང་བོད་ཀྱི་ཐུན་མིན་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གནང་ཡོད།

མཛད་སྒོ་གྲོལ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་ལྡི་ལི་དོན་ཁང་གི་ཤེས་ཡོན་འགན་འཛིན་རྣམ་གཉིས་ནས་བོད་ཕྲུག་རྣམས་དང་ཟུར་དུ་ཐུག་པ་མ་ཟད། སློབ་མ་རྣམས་ཀྱི་དཀའ་ངལ་རྣམས་མཐོ་སློབ་ཀྱི་གོང་རིམ་ལས་བྱེད་ལ་སྙན་སེང་ཞུ་རྒྱུའི་ཁས་ལེན་གནང་བ་ལྟར་ཞུས་ཐུབ་པ་བྱུང་ཡོད།

དེ་ཡང་གུ་རུ་གོ་ཝིན་སིངྒ་མཐོ་སློབ་ Guru Gobind Singh Indrapastha University ནི་རྒྱ་གར་རྒྱལ་ས་ལྡི་ལིའི་ Dwarka ཁུལ་དུ་རྟེན་གཞི་བྱས་ཡོད་ཅིང་། དེའི་ཁྱབ་ཁོངས་འོག་མཐོ་སློབ་འདྲ་མིན་ ༡༠༥ འདུག་ཅིང་།  དེང་སྐབས་བོད་པའི་སློབ་ཕྲུག་ ༢༤ མཐོ་སློབ་དེའི་ནང་སློབ་གཉེར་གནང་མུས་ཡིན་འདུག་པ་བཅས།། 

Share with your friends










Submit