ཟླ་བ་ ༤ ཚེས ༡༢ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༡ ཉིན་ཅོན་ཏ་ར་ནང་རྟེན་གཞི་བྱས་པའི་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་ནས་བསྟན་པའི་སྦྱིན་བདག་ཆེན་པོ་སྐུ་ཞབས་ཀྲེ་རིས་ཆིང་ལགས་ཀྱི་འཁྲུངས་སྐར་དང་བསྟུན་བཀའ་དྲིན་ལེགས་སོའི་མཛད་སྒོ་ཞིག་དེ་གའི་དགོན་པའི་ནང་ཚོགས་གནང་ཡོད།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག སྐུ་ཞབས་ཀྲེ་རིས་ཆིང་དང་ཁོང་གི་བཟའ་ཟླ་ལུ་སི་ཡ་ལགས། ཤར་སྤྲུལ་རིན་པོ་ཆེ་མཆོག བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། དེ་བཞིན་ཆོས་རིག་དྲུང་ཆེ་ལུང་རྟོགས་ལགས། དགོན་སྡེ་ཁག་གི་སྐུ་ཚབ་དང་ས་གནས་འགོ་འཛིན་རྣམ་པ་སོགས་ཕེབས་གནང་ཡོད།

ཐོག་མར་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་གིས་མཛད་སྒོར་ཕེབས་པའི་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་སྦྲགས། བྱ་བ་གང་ཞིག་བརྩམ་པ་ཡིན་ནའང་རྒྱབ་སྐྱོར་བྱེད་མཁན་གལ་ཆེན་པོ་ཡིན་པའི་སྐོར་དང་། ལྷག་པར་བསྟན་པའི་སྦྱིན་བདག་རྣམས་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་ཆོས་ད་ལྟ་བར་གནས་ཐུབ་པ་སོགས་སྦྱིན་བདག་གི་གལ་ཆེ་ཚུལ་སྐོར་དང་། དེ་བཞིན་གཙུག་ལག་ཁང་དེའི་བསྟན་པའི་སྦྱིན་བདག་སྐུ་ཞབས་ཀྲེ་རིས་ཆིང་ལགས་དང་ཁོང་གི་ལྕམ་ལུ་སི་ལགས་གཉིས་ཀྱིས་རྒྱལ་སྤྱིའི་ནང་གི་ཁེ་ལས་སྙན་གྲགས་ཅན་ནང་ཕྱག་ལས་གནང་བའི་སྐོར་དང་། ལྷག་པར་ལོ་བཅུ་གཉིས་སྔོན་རིན་པོ་ཆེ་མཆོག་དང་ངོ་ཤེས་པ་ནས་ད་བར་དགོན་པར་རོགས་རམ་གནང་བའི་སྐོར་སོགས་ཁོང་རྣམ་གཉིས་ཀྱི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་གནང་སོང་།

ཕྱོགས་མཚུངས་དཔལ་ལྡན་ཚོགས་གཙོ་མཆོག་གིས་མཛད་སྒོར་ཕེབས་མཁན་ཡོངས་ལ་འཚམས་འདྲི་དང་ཆབས་ཅིག་གསུང་བཤད་གནང་དོན། དེ་རིང་གི་མཛད་སྒོ་ཚོགས་གནང་བ་དེ་དགོན་པའི་ཆོས་ཕྱོགས་ཀྱི་ལས་རིམ་དང་དམིགས་བསལ་འབྲེལ་བ་ཞིག་ཆགས་ཀྱི་མེད་ནའང། ཕྱོགས་གཞན་ཞིག་ནས་གཅིག་བལྟས་ཡོང་དུས་ད་ལྟ་གོང་དུ་ཤར་སྤྲུལ་རིན་པོ་ཆེ་མཆོག་གིས་གསུངས་པ་བཞིན་བསྟན་དང་བསྟན་པ་སྤྱི་དང་། ལྷག་པར་གཙུག་ལག་ཁང་གསར་བཞེངས་མཚོན་པའི་ད་ལྟའི་བར་དུ་བསྟན་པའི་སྦྱིན་བདག་གནང་མཁན་སྐུ་ཞབས་ཁོང་གི་བཀའ་དྲིན་མཚོན་ཆེད་དེ་རིང་ང་ཚོ་ཆེད་མངགས་འདིར་འཛོམས་ཟེར་ནའང་མི་འདུག མཛད་སྒོ་སྟབས་བདེ་པོ་ཞིག་གོ་སྒྲིག་གནང་སྐབས་ང་རང་དངོས་སུ་བཅར་རྒྱུའི་གོ་སྐབས་བྱུང་བར་དམིགས་བསལ་གྱི་དགའ་ཚོར་ཆེན་པོ་བྱུང་། དེ་ཡང་ཤར་སྤྲུལ་རིན་པོ་ཆེ་མཆོག་དང་། སྐུ་ཞབས་ཀྲེ་རིས་ཆིང་། དེ་བཞིན་གོ་སྒྲིག་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།

ཤར་སྤྲུལ་རིན་པོ་ཆེ་མཆོག་གིས་ཐོག་མར་དགོན་པ་བཞེངས་རྒྱུའི་འཆར་གཞི་ཡོད་པའི་སྐབས་རིན་པོ་ཆེ་མཆོག་དང་དངོས་སུ་འབྲེལ་བ་མེད་ཀྱང་དེའི་སྐོར་གོ་མྱོང་ཡོད། དེའི་སྐབས་དེ་གང་འདྲ་ཞིག་ཡོང་གི་ཡོད་ན་བསམ་བསམ་གྱི་ཐེ་ཚོམ་ཏོག་ཙམ་ཟེར་ན་མི་འདུག་གང་ལྟར་གང་འདྲ་ཆགས་ཡོང་བསམ་སོང་། རྩ་བའི་དགོན་པ་བཞེངས་རྒྱུ་ཟེར་བ་དེ་དེང་སང་སྤྱི་ཚོགས་ནང་ཕྱོགས་གཅིག་ནས་ལས་སླ་པོ་འདྲ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག དགོན་པ་བཞེངས་རྒྱུ་ཟེར་བ་དེ་ལས་སླ་པོ་ཞིག་རྩ་བ་ནས་མ་རེད། དེ་ལ་འགྲོ་སོང་དཔལ་འབྱོར་གྱི་རྒྱབ་རྟེན་དགོས་པ་མ་ཟད། དགོན་པ་བཞེངས་ཚར་བའི་རྗེས་དགེ་འདུན་གྱི་སྡེ་དགོས་ཀྱི་ཡོད།

དེ་ཡང་དགེ་འདུན་གྱི་སྡེ་ཡོད་པ་ཙམ་གྱི་མ་འགྲིག་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་བཤད་སྒྲུབ་ཀྱི་སློབ་གཉེར་བ་དང་འཛིན་སྐྱོང་གནང་མཁན་དགོས་ཀྱི་ཡོད། དེ་ཚོའི་གྲས་ལ་བསམ་བློ་བཏང་བ་ཡིན་ན་ལས་སླ་པོ་མིན་པ་ཤེས་ཀྱི་རེད། ཡིན་ནའང་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་གིས་དུས་ཡུན་རིང་པོ་ཞིག་ནས་དགོངས་པ་བཞེས་པ་དང་། དགོངས་པ་བཞེས་པ་དེ་དངོས་སུ་ཕྱག་ལེན་གནང་འགོ་འཛུགས་པ། དེའི་སྐབས་སྦྱིན་བདག་རྣམ་པ་དང་མཉམ་དུ་མཇལ་འཕྲད་བྱུང་བ། དེ་འདྲའི་ལས་དང་སྨོན་ལམ་ཐོག་ནས་དེ་རིང་འདིར་དངོས་སུ་ང་ཚོ་མཛད་སྒོ་ཚོགས་ཐུབ་པ་བྱུང་ཡོད།

སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདིར་ཆིབས་སྒྱུར་གནང་ནས་དགོན་པ་དབུ་འབྱེད་གནང་སྐབས། བཀའ་སློབ་དཔེ་མི་སྲིད་པའི་ཟབ་པ་དང་རྒྱ་ཆེན་པོ་དེ་འདྲ་ཕེབས་ཡོད། དེ་འདྲའི་ཐོག་ནས་དངོས་གནས་ལས་དང་སྨོན་ལམ་ཐོག་ནས་བྱུང་བཞག་པ་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དོན་དུ་རིན་པོ་ཆེ་མཆོག་གིས་ལྷག་བསམ་རྣམ་དག་གིས་ཐུགས་ཁུར་དང་སྐུ་ལས་སྐྱོན་པའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་ཐད་ད་ལྟའི་གནས་སྟངས་ལ་བལྟས་པ་ཡིན་ན་མ་འོངས་པ་ཏན་ཏན་ཡག་པོ་ཞིག་ཆགས་ཀྱི་རེད་བསམ་པའི་དགའ་ཚོར་ཆེན་པོ་བྱུང་། དེར་བརྟེན་གོ་སྐབས་འདི་བརྒྱུད་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་གཙོ་བོ་སྐུ་ཞབས་ཀྲེ་རིས་ཆིང་གི་འཁྲུངས་སྐར་གྱི་མཛད་སྒོ་ཆགས་ཀྱི་ཡོད་སྟབས། ཁོང་གི་ལོ་རྒྱུས་སྐོར་གོང་དུ་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་གིས་གསུངས་པ་ནང་བཞིན་ཁོང་གིས་ལོ་མང་སློབ་སྦྱོང་གནང་རྗེས་སྤྱི་ཚོགས་ནང་ལས་རིགས་འདྲ་མིན་ཐོག་ཕྱག་ལས་གནང་བ་ཞིག་དང་། ད་ལྟ་རྒས་ཡོལ་ལ་ཕེབས་ཡོད། དེ་འདྲའི་ཐོག་ཁོང་གིས་ཆོག་ཤེས་བྱས་ནས་མ་བསྡད་པར་སེམས་ཁུར་གྱིས་གཞན་ལ་རོགས་པ་གཅིག་བྱས་ན་ཕན་ཐོགས་ཡོང་ས་རེད་བསམ་ནས་བསྟན་པའི་སྦྱིན་བདག་གནང་བ་ཞིག་ཆགས་ཀྱི་ཡོད། ཐོག་མར་རྒྱ་གར་ནང་སྟོན་པ་ཞལ་བཞུགས་པའི་སྐབས་སུ་བསྟན་པ་འཛིན་སྐྱོང་ལ་རོགས་བྱེད་མཁན་ཁྱིམ་བདག་ཡོད་པ། དཔེར་ན། འཁོར་རྣམ་པ་བཞི་ལྟ་བུ། དགེ་སློང་ཕ་མ་དང་། དགེ་བསྙེན་ཕ་མ། དགེ་བསྙེན་ཕ་མ་དེ་ཚོ་ནི་ཁྱིམ་པའི་ཕྱོགས་ནས་སླེབས་ཀྱི་ཡོད། དེ་འདྲའི་ཐོག་ནས་བསྟན་པ་རྒྱུན་སྐྱོང་མཁན་གཅིག་ཡོང་གི་ཡོད། སྐབས་དེ་དུས་རྒྱལ་པོ་མང་པོས་སྟོན་པའི་སྦྱིན་བདག་གནང་བ་དང་། དེ་བཞིན་ལོ་རྒྱུས་ཐོག་བལྟས་པ་ཡིན་ན་སོག་པོའི་རྒྱལ་པོ་དང་རྒྱ་ནག་གི་གོང་མ་སོགས་ནས་བསྟན་པའི་སྦྱིན་བདག་གནང་བ་སོགས་ང་ཚོས་ལོ་རྒྱུས་ནང་དངོས་སུ་མཇལ་རྒྱུ་ཡོད། དེར་བརྟེན་སྐུ་ཞབས་ཀྲེ་རིས་ཆིང་གིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་གིས་སྦྱིན་བདག་གནང་བར་དེ་རིང་གོ་སྐབས་འདི་བརྒྱུད་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སློབ་དཔོན་དབྱིག་གཉེན་གྱིས་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ལུང་དང་རྟོགས་པའི་བསྟན་པ་གཉིས་ཞེས་གསུངས་པ་བཞིན་ལུང་གི་བསྟན་པ་དེ་འཆད་ཉན་གྱི་ཐོག་ནས་འཛིན་སྐྱོང་བྱེད་དགོས་པ་ཞིག་དང་། དེ་བཞིན་རྟོགས་པའི་བསྟན་པ་དེ་ཉམས་ལེན་གྱི་ཐོག་ནས་སྙིང་རུས་ཀྱིས་བརྒྱུད་འཛིན་བྱེད་དགོས་པ་ཞིག དེ་འདྲའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་དགོས་པ་དང་། ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་གིས་མ་འོངས་པ་བཤད་གྲྭ་བཙུགས་རྒྱུའི་དགོངས་གཞི་ཡོད་པ་གསུངས་སོང་། ད་ལྟ་དགོན་པའི་འགན་ཁུར་མཁན་རྣམས་དང་། དགེ་འདུན་པ་ཚང་མས་ཕྱར་གྲུ་མཉམ་འདེགས་ངང་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་ལུང་རྟོགས་ཀྱི་ཐོག་ནས་འཛིན་སྐྱོང་གནང་ཐུབ་ཐབས་དང་། དེ་ཡང་ལྷག་བསམ་ཆེན་པོའི་ཐོག་བརྒྱུད་འཛིན་གནང་ཐུབ་དགོས་པ། དེ་བཞིན་དམིགས་དཔེ་འོས་པ་འདྲ་པོ་ཞིག་ཡོང་ཐུབ་རྒྱུའི་ཞབས་འདེགས་ཞུ་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས་ཞེས་གསུངས།

གཞན་ཡང་མཛད་སྒོའི་ཐོག་ ༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་སྦྱིན་བདག་སྐུ་ཞབས་ཀྲེ་རིས་ཆིང་ལགས་བཅས་ནས་གསུང་བཤད་གནང་སོང་།

དེ་རྗེས་ ༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། དཔལ་ལྡན་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་བསྟན་པའི་སྦྱིན་བདག་སྐུ་ཞབས་ཀྲེ་རིས་ཆིང་ལགས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་གནང་ཡོད། མཐར་ཟབ་གསང་ཆོས་འཁོར་གླིང་གི་རྒྱུན་ལས་ཚོགས་གཞོན་བླ་མ་བཟོད་པ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། ཉིན་རྒྱབ་སློབ་གྲྭ་ཁག་ནས་གཞས་སྣ་གཟིགས་འབུལ་ཞུས་གནང་བ་བཅས། །

Share with your friends










Submit