ཟླ་བ་ ༤ ཚེས ༡༧ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༤ ཚེས་ ༡༧ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་ལོ་འཁོར་གྲུབ་འབྲས་ཀྱི་མཛད་སྒོར་དབུ་བཞུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཆོས་རིག་བཀའ་བློན་མཆོག་བཞུགས་བྲལ་སུ་འཁོད་རྗེས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སློབ་སྤྱི་མཆོག་གིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བཙུན་དགོན་སྒྲོལ་མ་གླིང་གི་ལོ་རྒྱུས་སྙིང་བསྡུས་སྒྲོགས་སྦྱང་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་ལོ་འཁོར་ཡིག་རྒྱུགས་ཨང་རིམ་རྩེ་སོན་རྣམས་ལ་གཟེངས་བསྟོད་ཕྱག་ཁྱེར་གནང་བ་དང་། ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དྲུང་འཕར་བསམ་གྲུབ་ཚེ་རིང་ལགས་ཀྱིས་རྩོམ་ཡིག་དང་། བོད་ཀྱི་ཡིག་གཟུགས་སོགས་ལ་བྱ་དགའ་ཐོབ་པ་རྣམས་ལ་གསོལ་རས་གནང་།

མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་མཆོག་དང་། ཤེས་རིག་སྐུ་ཚབ་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས། བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་བཅས་ནས་བཙུན་མ་རྣམས་ལ་བསླབ་པ་སློབ་གཉེར་གནང་ཕྱོགས་དང་། མ་འོངས་དམིགས་ཡུལ་བཟུང་ཕྱོགས་སོགས་ཀྱི་སྐོར་ལམ་སྟོན་གནང་ཡོད།   ཉིན་རྒྱབ་བཀའ་བློན་མཆོག་གིས་དེ་ཁུལ་དུ་ཡོད་པའི་དགོན་སྡེ་འཆི་མེད་དགའ་ཚལ་གླིང་དང་། ཇོ་ནང་དུས་འཁོར་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་བཅས་སུ་འཚམས་གཟིགས་གནང་། སྐབས་དེར་རྡ་ས་ས་གནས་འགོ་འཛིན་ཡང་ལྷན་བཅར་ཞུས་ཡོད།

བཀའ་བློན་མཆོག་འདི་ཟླའི་ཚེས་ ༡༧ ནས་ ༢༩ བར་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་དང་། ར་ཝང་ལ་བཅས་ཀྱི་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་རིས་མེད་ཆོས་སྡེ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཕེབས་རྒྱུ་ཡིན་པ་བཅས། །

Share with your friends










Submit