ཟླ་བ་ ༣ ཚེས ༡༢ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༣ ཚེས་ ༡༢ རེས་གཟའ་ཟླ་བ།

དབང་རྩའི་ཚན་རིག་པ་གྲགས་སྐུ་ཞབས་རི་ཆཌ་ཌེ་ཝིཌ་སན་ Dr Richard Davidson ལགས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོ་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་ཁམས་རིག་པ་དང་དབང་རྩའི་ཚན་རིག་སོགས་འཛམ་གླིང་ནང་གྲགས་ཆེ་བའི་ཚན་རིག་པ་ཁག་གཅིག་དང་གདན་ས་ཁག་གིས་གཙོས་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་དགེ་འདུན་པ་དང་།  རྣམ་གྲ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ། ༸སྐུའི་གསུང་སྒྱུར་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས།  ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་ཚང་འཛོམས་ཐོག་བགྲོ་གླེང་གཟབ་རྒྱས་ངང་སྐོང་ཚོགས་གནང་འདུག

སྤྱིར་བགྲོ་གླེང་ལྷན་ཚོགས་ཉིན་ལྔའི་རིང་འཚོགས་རྒྱུ་ཡིན་འདུག་པ་དང་།  སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གཞི་རྩར་བཟུང་བའི་ཤེ་ཡོན་གོང་མཐོར་གཏོང་རྒྱུའི་ཐད་གོ་བསྡུར་མཛད་རྒྱུ་ཡིན་སྟབས་དེང་དུས་གཞོན་སྐྱེས་རྣམས་ལ་བྱམས་བརྩེའི་བསམ་བློ་གོང་མཐོར་སྤེལ་བ་བརྒྱུད་གཞན་གྱི་བདེ་སྡུག་ལ་སེམས་ཚོར་ལྡན་པ་ཞིག་བཟོ་ཐབས་བྱ་རྒྱུ་ཡིན་འདུག

སེམས་དང་སྲོག་གི་ཚོགས་གཙོ་ལྕམ་སྐུ་སུ་སན་བྷུ་ཨར་ཝུ་ལགས། Susan Bauer-Wu

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་རྒྱུའི་དགོས་དོན་གཙོ་བོ་གཉིས་ཏེ་གཅིག་ནི་སྐུ་སྒེར་གྱི་ཚན་རིག་ཤེས་བྱའི་གནས་ལ་གོ་རྟོགས་ཡར་རྒྱས་གཏོང་གནང་མཛད་ཆེད་དང་། གཉིས་ནས་ཚན་རིག་ལ་གཞི་བཅོལ་ནས་མིའི་ནང་གི་བྱམས་པ་དང་བརྩེ་བ། བཟོད་སྲན།  ཆོག་ཤེས་སོགས་བཟང་སྤྱོད་ཀྱི་རིན་ཐང་དེ་དག་གོང་འཕེལ་གཏོང་ཐབས་ཆེད་ཡིན་སྐོར་སོགས་བཀའ་སློབ་སྩལ་བ་དང་སྦྲགས།  དེང་སྐབས་ཚན་རིག་དང་འཕྲུལ་ཆས་ལ་བརྟེན་ནས་གྲུབ་འབྲས་ཚད་མཐོན་པོར་སོན་ཡོད་ཀྱང་མིའི་སྡུག་བསྔལ་དང་ལྷག་པར་སེམས་ཚོར་ལ་བརྟེན་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་དེར་ཐུགས་འཚབ་མཛད་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ། 

དེ་ཡང་མགོན་པོ་གང་ཉིད་མཆོག་གིས་བགྲོ་གླེང་སྐབས་ཚོགས་བཅར་བ་རྣམས་ཞི་བདེ་བག་ཕེབས་ངང་གནས་བཞིན་ཡོད་ཀྱང་དུས་མཚུངས་འཛམ་གླིང་ས་ཕྱོགས་གཞན་དང་གཞན་ཏེ་དཔེར་ན་སི་རི་ཡ་ Syria དང་ཨ་ཕི་རི་ཀ་གླིང་ཆེན་ནང་གི་ཡེ་མེན་ Yemen སོགས་ཀྱི་ནང་དམག་འཁྲུག་གིས་རྐྱེན་པས་བྱིས་པ་ཆུང་ཆུང་དང་བུད་མེད་ཉེས་མེད་ཀྱིས་མཚོན་མི་གསོད་ཁྲག་སྦྱོར་ཧ་ཅང་ཚབས་ཆེ་སྤེལ་བཞིན་པ་ཐུགས་དྲན་གསོ་མཛད་པ་མ་ཟད།  ད་ལྟའི་འཛམ་གླིང་གི་དངོས་ཡོད་གནས་སྟངས་ཧ་ཅང་ཐབས་སྡུག་འདི་ལྟ་བུ་ཡོད་བཞིན་དུ་ང་ཚོས་ཚོར་སྣང་གང་ཡང་མེད་པ་ལྟ་བུ་བྱས་ནས་བསྡད་ན་འགྲིག་ཐབས་རྩ་བ་ནས་མེད་པར་བརྟེན་ད་ལྟ་ནས་ང་ཚོས་འཛམ་གླིང་འདི་ཕྲན་བུ་ཞི་བདེ་ལྷིང་འཇགས་ལྡན་པ་ཞིག་བཟོ་ཐབས་སླད་འབད་བརྩོན་བྱས་པ་ཡིན་ན་འཕྲལ་མར་བཟང་ཕྱོགས་ཀྱི་གྲུབ་འབྲས་མ་བྱུང་ཡང་དུས་རབས་ ༢༡ མཇུག་ཙམ་བར་ད་གཟོད་འཛམ་གླིང་ཕྲན་བུ་བྱམས་སྙིང་རྗེ་ལྡན་པ་ཞིག་བཟོ་ཐུབ་རྒྱུའི་རེ་བ་ཏན་ཏན་ཡོད་སྐོར་སོགས་བཀའ་སློབ་སྩལ།

སྐབས་དེར་དབང་རྩའི་ཚན་རིག་པ་གྲགས་སྐུ་ཞབས་རི་ཆཌ་ཌེ་ཝིཌ་སན་ Dr Richard Davidson ལགས་ཀྱིས་ཕྱི་ལོ་ ༡༩༨༠ ལོ་མཇུག་ཙམ་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་སྒོམ་སྒྲུབ་ཉམས་ལེན་ལ་བརྟེན་ནས་དེང་དུས་མིའི་སེམས་ཁམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་སོགས་ལམ་སྟོན་མཛད་པར་བརྟེན་སེམས་དང་སྲོག་གི་བགྲོ་གླེང་ལས་གཞི་འདི་བཞིན་ཧ་ཅང་ཕྱུག་པོ་དང་རྒྱ་ཆེན་པོ་བཟོ་གནང་མཛད་སྐོར་སྙན་སྒྲོན་ཞུས།

དེ་ཡང་ཉིན་དང་པོའི་བགྲོ་གླེང་ལྷན་ཚོགས་སྐབས་གཏམ་བཤད་སྤེལ་མཁན་ཨ་རི་ཝི་སི་ཀོན་སིན་ Wisconsin མངའ་སྡེའི་མེ་ཌི་སོན་ Madison མཐོ་སློབ་ཀྱི་དབང་རྩའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆཌ་ཌེ་ཝི་ཌི་སན་ Richard Davidson ལགས་དང་།  ཁེ་ན་ཌའི་གྲོང་ཁྱེར་ཁྱུ་བྷེག་ Quebec ནང་རྟེན་གཞི་བྱས་པའི་སེམས་ཁམས་འཕྲོད་བསྟེན་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་མེ་ཁལ་བྷོ་ཝེན་ Michel Boivin ལགས། དེ་བཞིན་སེམས་ཚོར་གྱི་རྣམ་གཞག་སྐོར་གྱི་རྩོམ་སྒྲིག་པ་གྲགས་ཅན་སྐུ་ཞབས་ཌེ་ནི་ཡེལ་གྷོལ་མན་ Daniel Goleman ལགས་བཅས་ཡིན་འདུག

སྤྱིར་ཐེངས་འདིར་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༣༣ ཡིན་ཞིང་། བརྗོད་གཞི་གཙོ་བོ། “འགྲོ་བ་མིའི་བདེ་སྐྱིད་ཀྱི་སྐོར་བསམ་བློ་གསར་གཏོད། “ཅེས་པ་ཡིན་འདུག

Share with your friends










Submit