ཟླ་བ་ ༣ ཚེས ༩ ༢༠༡༨
Published By Kalsang Gyatso

ཕྱི་ལོ་༢༠༡༨ ཟླ་༣ ཚེས་༩ རེས་གཟའ་པ་བཟང་། 

 

༄༅། །ཕྱི་ལོ་༢༠༡༨ ཟླ་ ༣ ཚེས་ ༨ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༧ འཚོགས་བཞིན་པ་དང་བསྟུན།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་པི་རན་སི་ Prince Zeid Ra’ad al Hussein མཆོག་གིས་ཐུགས་འཚབ་དང་སྦྲགས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། དེབ་འཚོང་བ། དེ་བཞིན་བོད་རིགས་དང་ཡུ་གུར་མི་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། རང་སྣང་གང་དྲན་གྱིས་བཙོན་འཇུག་དང་། མནར་གཅོད། མི་རིགས་དབྱེ་འབྱེད་སོགས་བྱས་དང་བྱེད་བཞིན་པའི་ཐད་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ལས་ཁུངས་སུ་ཛ་དྲག་གི་ཞུ་གཏུག་ཡི་གེ་འབྱོར་བཞིན་ཡོད་པ་རྣམས་དང་ལེན་གནང་གི་ཡོད། ཅེས་དང་།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ལས་ཁུངས་སུ་ཛ་དྲག་གི་ཞུ་གཏུག་ཡི་གེ་འབྱོར་བའི་ནང་འཁོད་པ་ལྟར་ན། གཞུང་གིས་ལྐོག་ཟ་རུལ་སུངས་བྱས་པ་དང་། མི་མང་གི་ས་ཆ་བཙན་འཕྲོག་བྱས་པ། རིག་གནས་ཤུལ་བཞག་གཏོར་བཤིག་བཏང་བ། ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱས་པ། ཕ་སྐད་བེད་སྤྱོད་ཐད་དམ་བསྒྲགས་བྱས་པ་སོགས་ཀྱི་གནས་ཚུལ་འཁོད་འདུག ཅེས་གསུངས།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༧ གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་སྟེང་སྐུ་ཞབས་པི་རན་སི་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་ཐུགས་འཚབ་ཡོད། ཅེས་དང་།

འདི་ལོ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་༧༠ འཁོར་བའི་དུས་དྲན་ཡིན་པ་དང་། དུས་དྲན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་པི་རན་སི་མཆོག་གིས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཡོངས་ལ་སྔར་ལས་ལྷག་པའི་ཉེན་སྲུང་བྱ་རྒྱུ་དང་། དེ་བཞིན་འཛམ་གླིང་མི་མང་འགྲོ་བ་མིའི་ཐོབ་ཐང་གི་རྒྱབ་ཏུ་ལང་དགོས་། ཞེས་གསུང་བཤད་གནང་ཡོད་པ་བཅས། །

Share with your friends










Submit