ཟླ་བ་ ༣ ཚེས ༣༡ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༣ ཚེས་ ༣༡ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་མ་ཧེཤ་ཤརྨ་མཆོག་སོགས་གཙོ་མགོན་དུ་ཕེབས་པའི་དབུས་རྒྱ་གར་གཞུང་མང་གཉིས་ནས་བོད་མི་བཙན་བྱོལ་བ་རྣམས་ལ་ད་བར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། 

དེ་རིང་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་དྲག་གནོན་བྱས་ཏེ་བོད་ས་ཁྱོན་ཡོངས་བཙན་བཟུང་བྱས་པར་བརྟེན་གངས་ལྗོངས་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་བརྒྱད་ཙམ་རང་ཡུལ་དང་ཞལ་གྱེས་དགོས་བྱུང་སྟེ་བོད་ནས་ཆིབས་ཐོན་གྱིས་ལམ་བར་དཀའ་ཚེགས་ཆེན་པོས་ཉིན་གྲངས་བཅུ་བཞིའི་རྗེས་ཕྱི་ལོ་༡༩༥༩ཟླ་༣ཚེས་༣༠ཉིན་རྒྱ་གར་ནང་ཞབས་སོར་བདེ་བར་འཁོད་ཅིང་ད་ཆ་ལོ་ངོ་བཅུ་ཕྲག་དྲུག་ལ་ཟིན་བཞིན་པར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཁྱད་པར་བ་ཞིག་ཆགས་ཡོད།

ཕྱི་ལོ་༡༩༥༩ཟླ་༤ཚེས་༡༠ཉིན་རྒྱ་གར་སྲིད་བློན་དམ་པ་པཎྜི་ཏ་ནེ་རུ་མཆོག་གིས་མཛའ་བརྩེ་ཆེན་པོས་༸གོང་ས་མཆོག་ལ་”ང་དང་ངའི་ལས་རོགས་ཚོས་ཁྱེད་ལ་དགའ་བསུ་ཡོད་ཞུ་རྒྱུ་དང་།རྒྱ་གར་དུ་བདེ་ཕེབས་ཐུབ་པར་བཀྲ་ཤིས་བདེ་ལེགས་ཡོད།ཁྱེད་དང་ཁྱེད་ཀྱི་སྐུ་འཁོར་ཚོ་རྒྱ་གར་དུ་བཞུགས་རྒྱུའི་མཐུན་རྐྱེན་ཇི་དགོས་ང་ཚོས་དགའ་སྒྲུབ་ཞུ་རྒྱུ་ཡིན།རྒྱ་གར་མི་མང་ནས་ཁྱེད་ལ་སྔར་བཞིན་གུས་བཀུར་ཞུ་རྒྱུར་ཐེ་ཚོམ་མེད།” ཅེས་རང་རྣམ་ལས་གསལ་བ་བཞིན་གནས་ཡུལ་རྒྱ་གར་གཞུང་མང་ནས་ཆེ་མཐོང་དང་གུས་བརྩི་ཆེན་པོས་༸གོང་ས་མཆོག་སྟོན་འཁོར་དང་བཅས་པར་རོགས་མགོན་དམིགས་བསལ་མཛད་ནས་ལོ་ངོ་བཅུ་ཕྲག་དྲུག་ལ་འགྲོ་བཞིན་ཡོད།དུས་དེའི་རིང་༸གོང་ས་མཆོག་གིས་ཐོག་མར་བཞུགས་སྒར་མ་སུ་རི་མཛད་ཅིང་ལས་ཁུངས་འགའ་ཤས་གསར་འཛུགས་མཛད་པ་དང་བོད་ཕྲུག་ན་གཞོན་རྣམས་ཀྱི་ཆེད་སློབ་གྲྭ་ཟུར་འཛུགས་བཅས་ལ་དགོངས་བཞེས་དམིགས་བསལ་མཛད་ཡོད། ཕྱི་ལོ་༡༩༦༠ཟླ་༤པའི་ནང་བཞུགས་སྒར་མ་སུ་རི་ནས་རྡ་རམ་ས་ལར་གནས་སྤོས་ཀྱིས་བོད་ཀྱི་ཆོས་དང་།རིག་གཞུང་སླར་གསོ་མཛད་ཐབས།ལྷག་པར་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལས་དོན་བསྒྲུབ་ཕྱིར་ལས་ཁུངས་ཁག་ཅིག་ཆེད་བཙུགས་མཛད།
བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཛ་དྲག་ཆེ་བའི་གནས་སྟངས་འོག་བཙན་བྱོལ་བོད་གཞུང་ཆེད་འཛུགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་ཡོངས་སུ་མཚོན་པར་མཛད་དེ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔར་མཇལ་ཕྱག་དམ་འབུལ་ཞུས་པ་ནས། བོད་མང་གཙོའི་གཞུང་དངོས་སུ་དབུ་བརྙེས་ཏེ་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ལྟར་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་གནང་འགོ་བརྩམས་ཡོད།དེ་ཡང་འཕྲལ་ཕུགས་ཀྱི་དགོངས་པ་རྒྱ་ཆེ་བཞེས་ཐོག་བོད་ཀྱི་སྔར་སྲོལ་བཟང་པོ་རྣམས་ཟུང་དུ་འབྲེལ་ཏེ་དེང་རབས་འཛམ་གླིང་གི་མང་གཙོའི་འགྲོ་ལུགས་དང་མཐུན་པའི་ལེགས་བཅོས་མཛད་ཅིང་།

ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་དམངས་གཙོའི་རྩ་ཁྲིམས་ལེའུ་བཅུ་དང་། དོན་ཚན་ ༧༧ ཅན་གསལ་བསྒྲགས་བསྐྱངས་པ་དང་། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་མཛད་ཅིང་། ལོ་རིམ་འཕྲོས་བྱས་ཏེ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་གསར་འཛུགས་གནང་བ། ཕྱི་ལོ་ ༢༠༠༡ ལོ་དང་ལྷག་པར་ཕྱི་ལོ་ ༢༠༡༡ ལོའི་ནང་མགོན་པོ་གང་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཆ་ཚང་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་གསོལ་སྩལ་རྩིས་སྤྲོད་གནང་བ་བཅས་ནི་༸མགོན་པོ་མཆོག་གིས་བོད་དང་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་གྱི་བདེ་ཐབས་སླད་དེ་སྔོན་སུས་ཀྱང་བློ་ཡུལ་དུ་ཡང་འཁོར་མ་མྱོང་བའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་གནང་མཛད་ཡོད།
ཕྱོགས་གཅིག་ནས་བོད་དེ་རྒྱ་གཞུང་གིས་བཙན་འཛུལ་དང་བཙན་འཕྲོག་བྱས་ནས་ཉམ་ཐག་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཀྱང་། ཕྱོགས་གཞན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དང་། རྒྱ་གར་གཞུང་མང་གཉིས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བོད་ཕྲུག་ན་གཞོན་རྣམས་ཀྱི་ཆེད་སློབ་གྲྭ་ཟུར་འཛུགས་དང་། དེ་མཚུངས་བོད་མི་བྱིངས་རྣམས་མཉམ་ནས་བྱ་ཡུལ་གཞིས་ཆགས་ཁག་གསར་འཛུགས་ཀྱིས་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་གྱི་ནུས་སྟོབས་དེ་སྔ་རང་ཡུལ་རང་དབང་ཡོད་པའི་གནས་སྐབས་ལས་ལྷག་པའི་ནུས་པ་འབུར་དུ་ཐོན་ཐུབ་པ་བྱུང་བ་དང་། ཆོས་བྱེད་དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེང་དུས་ཀྱི་ཤེས་ཡོན་རྣམས་སློབ་གཉེར་གནང་ཡུལ་དགོན་སྡེ་གྲྭ་ཚང་གསར་འཛུགས་ཀྱིས་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་དམ་ཟབ་ཡོང་བའི་དགོངས་བཞེད་ཟབ་མོ་མཛད་གནང་ལྟར་དེང་སྐབས་འཛམ་གླིང་ནང་བོད་མི་སྐྱབས་བཅོལ་བའི་གནས་བབ་ནི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་གནས་སྟངས་ཤིག་ཆགས་ཐུབ་ཡོད།
རྒྱལ་སྤྱིའི་ནང་དུའང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་དང་གུས་བརྩི་ཆེ་མཐོང་ཆེན་པོས་འཛམ་གླིང་ས་ཕྱོགས་གང་སར་ྋཞབས་ཀྱི་པདྨོ་རྣམ་པར་བཀོད་དེ་ཞི་བདེའི་དུས་རབས་སྐྲུན་ཐབས་སུ་འཛམ་གླིང་གཅིག་དང༌། འགྲོ་བ་མི་གཅིག་གྱུར། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་ལ་སེམས་འཁུར་དགོས་པ་དང༌། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་དགོས་པ། རྩོད་རྙོག་རྣམས་འབྲེལ་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་པ། འགྲོ་བ་མི་ལ་ཕྱི་དངོས་པོའི་ཡར་རྒྱས་བྱུང་བ་བཞིན་དུ་ནང་བསམ་བློའི་ཡར་རྒྱས་འབྱུང་ཐབས་སུ་ཤེས་ཡོན་གྱི་བསྟི་གནས་ཁག་ཏུ་ཡ་རབས་བཟང་སྤྱོད་སྐོར་རྒྱུན་དུ་སློབ་འཁྲིད་དགོས་པ་སོགས་ཕན་བདེའི་ལམ་སྟོན་མཛད་གནང་བར་བརྟེན་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་གཙོས། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། John Templetonགཟེངས་རྟགས་སོགས་ཆེ་བསྟོད་དང་གཟེངས་རྟགས་ ༡༥༢ བརྒལ་བ་འབུལ་བཞེས་མཛད་གནང་ཡོད།
དེང་སྐབས་བོད་མི་རིགས་ཞེས་པ་འཛམ་གླིང་གི་སྟེང་དུ་ངོས་འཛིན་གསལ་པོ་གནང་ཐུབ་པ་དང་། དེ་བཞིན་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིགབོད་དོན་འཐབ་རྩོད་བཅས་ལ་བོད་མི་ཙམ་མ་ཟད་རྒྱལ་སྤྱིའི་ཁྱོན་ནས་རྒྱབ་སྐྱོར་དང་། དམིགས་བསལ་དོ་སྣང་གསར་པ་སླེབ་བཞིན་པ་འདི་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལས་བྱུང་ཞིང་། གནས་ཡུལ་རྒྱ་གར་གཞུང་མང་གི་མཐུན་འགྱུར་རོགས་མགོན་གནང་བ་དང་ཡང་དམིགས་བསལ་འབྲེལ་བ་ཆགས་ཡོད།
བོད་དང་རྒྱ་གར་གཉིས་ནི་ལོ་ངོ་སྟོང་ཕྲག་མང་པོའི་རིང་འཆམ་མཐུན་མཉམ་གནས་དང་། ཕན་ཚུན་རིག་གཞུང་བརྗེ་རེས་བྱེད་མཁན་གྱི་གནའ་དེང་དཔལ་ཡོན་གྱིས་ཕྱུག་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན་པ་ཙམ་དུ་མ་ཟད། བོད་མི་བཙན་བྱོལ་བ་ཆགས་ནས་རྒྱ་གར་མི་མང་དང་རྒྱ་གར་རྒྱལ་ཁབ་ནི་ཕ་ཡུལ་གཉིས་པ་ལྟ་བུ་བརྩིས་ཏེ་ལྷ་ཡུལ་ལྟ་བུའི་མཛེས་སྡུག་དང་སྤུན་ཉེ་ལྟ་བུའི་བྱམས་བརྩེ་ཅན་དུ་ངོས་འཛིན་གྱིས་ཆེ་མཐོང་དང་གཟི་བརྗིད་ལྡན་པ་ཞིག་ཏུ་བརྩི་བཞིན་ཡོད།བོད་མི་རིགས་ཀྱི་གནས་བབ་གཉན་འཕྲང་ཆེ་བའི་དུས་སྐབས་དེ་དག་གི་རིང་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་དང་མི་མང༌རྣམས་ཀྱི་བོད་མི་རྣམས་ལ་བསམ་བརྗོད་ལས་འདས་པའི་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་རྣམས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་དང་རྒྱ་གར་གྱི་འབྲེལ་ལམ་འདི་ནི་དགེ་རྒན་དང་དགེ་ཕྲུག་གི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་ཞིག་ཡིན་པ་ཡང་ཡང་གསུང་བཞིན་ཡོད། དེ་བཞིན་རྒྱ་གར་གྱི་སྲིད་བློན་དམ་པ་ Morarji Desai མཆོག་གིས་བོད་དང་རྒྱ་གར་ནི་བྱང་ཆུབ་ལྗོན་ཤིང་གཅིག་ལས་སྐྱེས་པའི་ཡལ་ག་མི་འདྲ་བ་གཉིས་ལྟ་བུ་ཡིན་པ་གསུངས་གནང་ཡོད།
བོད་མི་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༦༠ ལ་ཉེ་བའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྟེན་གཞི་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་རྡ་རམ་ས་ལར་ཆགས་ཤིང་། དེ་བཞིན་རྒྱ་གར་མངའ་སྡེ་མང་པོའི་ནང་དུ་བོད་མིའི་གཞིས་ཆགས་དང་། སློབ་གྲྭ་ཁག དགོན་སྡེ་ཁག བོད་སྨན་གྱི་སྨན་ཁང་དང་། ཕྱི་ལུགས་སྨན་ཁང་སོགས་ཀྱི་གནས་གཞི་ཆགས་ཤིང་། བོད་མི་རིགས་དང་། བོད་ཀྱི་ཐུན་མིན་ཆོས་དང་། རིག་གཞུང་ཁག་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཆེད་རྒྱ་གར་དབུས་སའི་གཞུང་དང་མི་མང་བཅས་ནས་བོད་མིའི་ཉག་ཕྲ་བའི་དུས་ཚོད་འདིར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་བོད་མི་རྣམས་ཀྱིས་སེམས་གཏིང་ནས་ངོས་འཛིན་ཞུ་བཞིན་ཡོད་པས་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་སའི་གཞུང་དང་མི་མང་བཅས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།
གཞན་ཡང་འཛམ་གླིང་ཁྱོན་ལ་གནས་པའི་ཞི་བདེ་དང་དྲང་བདེན་ལ་དགའ་བའི་གཞུང་མང་གིས་བོད་ཀྱི་རྩ་དོན་གཙོ་གྱུར་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་དེ་རིང་གི་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། 

Share with your friends










Submit