Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༣ རེས་གཟའ་མིག་དམར།

༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་རྣམ་གཉིས་ཀྱིས་གདན་ཞུས་ལྟར་གྲོང་ཁྱེར་ནིའུ་ཡོག་ནང་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་སྲུང་བརྩིའི་འདུ་འཛོམས་གྲུབ་རྗེས་གྲོང་ཁྱེར་ནིའུ་ཡོག་ནས་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་གྱི་ལམ་ཐག་ཡོད་པའི་ Connecticut ས་གནས་སུ་ཆེད་ཕེབས་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པས་གྲ་སྒྲིག་གནང་བ་ལྟར་ས་གནས་མང་ཚོགས་ལ་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད།

Connecticut ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་ཚེ་རིང་ལགས་དང་། ཚོགས་གཞོན་འཕྲིན་ལས་ཕུན་ཚོགས་ལགས་གཉིས་ནིའུ་ཡོག་དུ་དོན་གཅོད་ཕེབས་བསུར་བཅར་ཞིང་། ཚོུད་ལྔ་པ་ཙམ་ལ་ས་གནས་སུ་འབྱོར་རྗེས། སྔོན་ལ་ས་གནས་རྒྱུན་ལས་དང་ལྷན་དུ་དགོངས་ཚིགས་མཉམ་བཞེས་དང་འབྲེལ་དོན་གཅོད་ནས་རྒྱུན་ལས་རྣམས་ལ་རེ་རེ་བཞིན་འཚམས་འདྲི་གནང་།

དེ་རྗེས་ས་གནས་ཚོགས་གཙོ་བསོད་ནམས་ཚེ་རིང་ལགས་དང་ཚོགས་གཞོན་འཕྲིན་ལས་ཕུན་ཚོགས་ལགས་གཉིས་ནས་ཁག་སོ་སོར་འཚམས་འདྲི་དང་། ས་གནས་ཀྱི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་གནང་རྗེས་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་། དོན་གཅོད་མཆོག་གིས་གསུང་བཤད་གནང་སྐབས་གསུང་དོན། སྔོན་མ་ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་རིང་ས་གནས་སུ་བཅར་རྒྱུའི་གོ་སྐབས་བྱུང་སྐབས་རྒྱུན་ལས་རྣམ་པ་དང་། ས་གནས་མང་ཚོགས་ཀྱིས་བཞག་པའི་བག་ཆགས་ཀྱིས་ཐུགས་ལ་ཚོར་བ་ཟབ་མོ་བྱུང་བའི་སྐོར་གསུང་པ་དང་། ལྷག་པར་ས་གནས་མང་ཚོགས་ཀྱིས་༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་གནང་སྟངས་དང་། དོལ་རྒྱལ་གནད་དོན་ཐོག་བཟུང་པའི་ལངས་ཕྱོགས། ས་གནས་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་འཁྲིད་གནང་རྒྱུར་དམིགས་བསལ་གྱི་ཐུགས་སྣང་གནང་གི་ཡོད་པར་ཐུགས་མཉེས་པོ་བྱུང་ཞེས་གདེང་འཇོག་གནང་ཡོད་པ་མ་ཟད།

དོན་གཅོད་མཆོག་གིས་མུ་མཐུད་གསུང་དོན་ལ། དེ་རིང་ནི་གསུམ་བཅུའི་དུས་དྲན་ཡིན་པ་དང་། ཕྱི་ལོ་ ༡༩༥༩ ལོར་གཞིས་བྱེས་གཉིས་སུ་གྱར་དགོས་བྱུང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དུས་ད་ལྟ་ཡིན་ན་ཡང་བཙན་བྱོལ་དུ་བཞུགས་དགོས་བྱུང་བ་དང་། ཕྱོགས་གཞན་ཞིག་ནས་བཤད་ན། འདས་པའི་ལོ་ ༦༠ ནང་རྒྱལ་སྤྱིའི་ཐོག་བོད་དོན་སོན་པོར་གནས་ཐུབ་པ་མ་ཟད། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན་ལ་རྒྱལ་སྤྱིའི་ཁྱོན་ནས་དམིགས་བསལ་གྱི་དོ་སྣང་ཆེན་པོ་ཡོད་པ་ནི། གཙོ་བོ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་དང་། གཞིས་བཞུགས་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་དང་། གཡོ་བ་མེད་པའི་ལྷག་བསམ་ལས་བྱུང་བ་ཞིག་ཡིན་པས་གསུམ་བཅུའི་དུས་དྲན་ནི་དགའ་སྐྱོ་ཟུང་སྦྲེལ་གྱི་དུས་དྲན་ཞིག་རེད་ཅེས་གསུངས།

ཡང་དོན་གཅོད་མཆོག་གིས་ཆིག་སྒྲིལ་སྐོར་གསུང་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུམ་དུས་གསུང་འཕྲིན་ནང་ཆིག་སྒྲིལ་སྐོར་དམིགས་བསལ་ནན་བརྗོད་གནང་ཡོད་པ་དང་། དེ་བཞིན་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དང་། ས་སྐྱ་གོང་མ་རིན་པོ་ཆེ། ཀིར་རྟི་རིན་པོ་ཆེ་བཅས་ནས་བར་ལམ་ཆིག་སྒྲིལ་སྐོར་བླང་དོར་བཀའ་སློབ་གནང་བ། ལྷག་པར་ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཆེ་མཆོག་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་འབྲེལ་སྐབས་ཆིག་སྒྲིལ་སྐོར་བཀའ་སློབ་གནང་བ་བཅས་ལ་ཐུགས་སྣང་གིས་བཀའ་སློབ་དེ་དག་སོ་སོ་རང་ཉིད་ལ་གནང་གི་འདུག་བསམ་པའི་འདུ་ཤེས་བཅངས་ནས་ནང་ཁུལ་གྱི་གནད་དོན་ཆུང་རྩག་ལ་མགོ་མ་འཁོར་བར་ཆིག་སྒྲིལ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུང་པ་མ་ཟད། ང་ཚོའི་འཐབ་རྩོད་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་དེ་བྱེད་རྒྱུ་ཡིན་པར་བརྟེན། ཨ་རི་གཞུང་དང་གྲོས་ཚོགས་ཀྱིས་བོད་དོན་ལ་སྔར་བཞིན་རྒྱབ་སྐྱོར་ཡོད་པའི་སྐོར་དང་། ས་གནས་བོད་མི་ཚང་མས་རང་ཉིད་ཀྱི་ཕྲུ་གུའི་སློབ་སྦྱོང་ལ་དོ་སྣང་དང་། ལྷག་པར་ཕྲུ་གུ་ཆོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་དོ་སྣང་སྔར་ལས་ཆེན་པོ་གནང་དགོས་པ་བཅས་ཀྱི་སྐོར་ཡང་གསུང་ཡོད།

གསུང་བཤད་གྲུབ་རྗེས་ཤེས་ཡོན་དང་། འཕྲོད་བསྟེན། མི་རིགས་ཀྱི་སྐད་ཡིག དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་སྐོར་དྲི་བ་བཏོན་པ་རྣམས་ལ་སྐུ་ཚབ་དོན་གཅོད་མཆོག་གིས་ལན་འདེབས་གནང་བ་དང་། རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལན་འདེབས་གནང་སྐབས་དབུ་མའི་ལམ་གྱི་བྱུང་རིམ་དང་། དགེ་མཚན། གྲུབ་འབྲས་བཅས་ཀྱི་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་མང་ཚོགས་བརྒྱ་ཆ་ ༦༤ དང་གྲངས་ཆུང་ ༧ གྱིས་རྒྱབ་སྐྱོར་ཡོད་ཅིང་། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པའི་སྐོར་གསུངས་ཡོད།

འདིར་ཞུ་འདོད་པ་ཞིག་ལ། ཐེངས་འདིར་ས་གནས་སུ་བཅར་སྐབས་རྒྱུན་ལས་རྣམ་པས་སྣེ་ལེན་གང་ཟབ་དང་། རྒྱུན་ལས་དང་ལྷན་དུ་དགོངས་ཚིགས་ཞུ་སའི་ཟ་ཁང་ནང་ཞབས་ཞུ་གནང་མཁན་བོད་མི་ཁག་གཅིག་འདུག་པ་དེ་ཚོས་ཀྱང་དགའ་ཚོར་དང་ཉེ་པོའི་ཞབས་ཞུ་གནང་བ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་། བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་གནང་བ་ཞིག་ཡིན་པས་ང་ཚོའི་སེམས་ནང་ཧ་ཅང་གི་བག་ཆགས་ཟབ་མོ་བྱུང་བ་བཅས། །

Share with your friends










Submit