ཟླ་བ་ ༣ ཚེས ༢༠ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༠ རེས་གཟའ་མིག་དམར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་ལྔ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་བཏང་གནང་བར། དཔལ་ལྡན་ཤེས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་མ་ཟད། བཀུར་འོས་སྤྱི་འཐུས་རྣམ་པའི་འཕྲོས་དོན་དྲི་བ་ཁག་ལའང་ལན་འདེབས་གསལ་བཤད་གནང་ཡོད།

དེ་རིང་གི་ལས་རིམ་གཉིས་པར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསལ་བཤད་གནང་ཡོད་པ་དང་། དེའི་ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་ཡོད། བགྲོ་གླེང་དགོས་པའི་གྲོས་འཆར་ཚུད་རྗེས་བཀུར་འོས་སྤྱི་འཐུས་རྣམས་ལ་བགྲོ་གླེང་གི་གོ་སྐབས་གནང་ཡོད།

སྔ་དྲོ་ཆུ་ཚོད་ ༡༡ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། དེའི་སྐབས་བཀའ་ཤག་གི་གསལ་བཤད་ཐོག་བཀུར་འོས་སྤྱི་འཐུས་ ༢༧ ནས་བགྲོ་གླེང་གི་ཆ་ཤས་ལེན་གནང་ཡོད། དེ་ནས་ལས་རིམ་བཞི་པ་ཕྱི་དྲིལ་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་དང་། དེ་མཚུངས་བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་ཐོག་བགྲོ་གླེང་གནང་མུས་ཡིན།

ཉིན་རྒྱབ་གྲོས་ཚོགས་ནང་ཨ་རིའི་ (Johns Hopkins) གཙུག་ལག་སློབ་གྲྭ་ཆེན་མོའི་ཊི་སྦི་ཉམས་ཞིབ་ཚན་པའི་ངེས་སྟོན་པ་ (Dr.Richard Chaisson) མཆོག་དང་། ཨ་རི་ (Winconsin) གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ (Dr.Zorba Paster) རྣམ་གཉིས་ཀྱི་སྣེ་ཁྲིད་འོག་ (Johns Hopkins) གཙུག་ལག་སློབ་ཆེན་གྱི་ལས་བྱེད་ཁྱོན་ ༨ བཅས་སྐུ་མགྲོན་དུ་ཕེབས་གནང་བར་གྲོས་ཚོགས་ནས་འཚམས་འདྲི་ཞུས་གནང་ཡོད།

Share with your friends










Submit