ཟླ་བ་ ༣ ཚེས ༡ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡ རེས་གཟའ་ཕུར་བུ།

༄༅། ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་གི་ལས་འཆར་ཆེད་དྲ་ལམ་བརྒྱུད་མང་ཚོགས་མ་དངུལ་བསྡུ་རུབ་ཀྱི་ལས་འགུལ་ཐེངས་དང་པོ་ཞིག་འགོ་འཛུགས་ཞུ་རྒྱུ་ལགས་ན། མ་དངུལ་བསྡུ་རུབ་ཀྱི་ལས་འགུལ་འདི་བཞིན་དུས་ཡུན་ཉིན་གྲངས་ ༥༠ རིང་ཡིན་པ་དང་། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་སྐྱེ་བོ་སུ་རུང་ནས་གལ་འགངས་ཆེ་བའི་ལས་གཞི་འདིའི་ནང་མཉམ་ཞུགས་ཀྱིས་ཞལ་འདེབས་འབུལ་རྒྱུའི་ཐུགས་འདོད་ཡོད་ཚེ་དྲ་རྒྱའི་ཁ་བྱང་འདི་བརྒྱུད་ཞལ་འདེབས་འབུལ་གནང་ཡོང་བར་དགོངས་འཇགས་ཞུ། འདི་ནས་ང་ཚོས་ཞལ་འདེབས་གནང་མཁན་ཚོར་ཐུགས་རྗེ་ལེགས་འབུལ་གྱི་བྱ་དགའ་རེ་འབུལ་རྒྱུ་ཡིན།

མང་ཚོགས་མ་དངུལ་བསྡུ་རུབ་ཀྱི་ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི། བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་གི་ལས་འཆར་ཙམ་མིན་པར་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སུ་གཏོགས་པའི་ལས་འཆར་གལ་གནད་ཆེ་ཤོས་ཤིག་ཡིན་པའི་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བོད་ཀྱི་འགྲེམས་སྟོན་ཁང་འདི་ཉིད་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་ཙམ་མིན་པའི་ཐོག་ བོད་ཀྱི་དངོས་ཡོད་གནས་ཚུལ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་ཞུ་རྒྱུ་དང་། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ཤེས་ལྡན་མི་སྣ་དང་། ཉམས་ཞིབ་པ་ཚོས་བོད་ཀྱི་གནས་སྟངས་ངོ་མ་ཇི་ཡིན་སྐོར་སློབ་གཉེར་་གནང་ཡུལ་ཤེས་ཡོན་གྱི་བསྟི་གནས་ཁང་ཞིག་ཀྱང་ཆགས་ཀྱི་ཡོད།

དེ་ལྟར་གཞི་རྒྱ་ཆེ་ཞིང་དམིགས་ཡུལ་བཟང་བའི་ལས་འཆར་གང་ཞིག་ལ་དཔལ་འབྱོར་གྱི་རྒྱབ་རྟེན་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་སོང་། ད་ལྟའི་ཆར་ལས་འཆར་འདིའི་ཆེད་མ་དངུལ་བརྒྱ་ཆ་ ༥༠ མཁོ་སྒྲུབ་བྱུང་ཡོད། མང་ཚོགས་ནས་རང་རང་བློས་བཅད་ཀྱི་ཞལ་འདེབས་ཇི་ཙམ་འབུལ་ཀྱང་དགའ་བསུ་ཞུ་རྒྱུ་ཡིན། ལས་འཆར་འདིའི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའིི་འགན་འཛིན་སྐལ་རྡོར་ལགས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ནས་མང་ཚོགས་ལ་ལས་འགུལ་འདིའི་སྐོར་སྐར་གྲངས་གསུམ་ཅན་གྱི་བརྙན་ཐུང་ཞིག་འདོན་སྤེལ་ཞུ་གི་ཡོད། །

ཞལ་འདེབས་འབུལ་འདོད་ཡོད་མཁན་རྣམས་ཀྱིས་དྲ་རྒྱའི་ཁ་བྱང་འདིར་གནོན།

 

Share with your friends










Submit