ཟླ་བ་ ༣ ཚེས ༡༣ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༣ རེས་གཟའ་མིག་དམར།

༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་བ་  ༣ ཚེས་  ༡༠ ནི་མི་ལོ་ ༥༩ སྔོན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་མང་ཚོགས་ནས་རྒྱ་ནག་དམར་པོའི་དབང་སྒྱུར་ལ་ཞི་བའི་སྒེར་ལངས་བྱས་ནས་མི་ལོ་ཧྲིལ་པོ་ ༥༩ འཁོར་བའི་ཉིན་མོ་ཡིན་པ་དང་། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་སྲུང་བརྩི་གཟབ་རྒྱས་ཞུས།

དེ་ཡང་སྔ་དྲོ་ཕྱག་ཚོད་ ༨ ཐོག་སེར་སྐྱ་མང་ཚོགས་རྣམས་གྲོང་ཁྱེར་ནིའུ་ཡོག་ནང་གི་ Cadman Plaza ཞེས་པའི་གླིང་ཁར་རིམ་བཞིན་འཛོམས་ཤིང་། དེ་རྗེས་སྤྱི་གླིང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་བར་ཞི་བའི་ཁྲོམ་སྐོར་དང་སྐད་འབོད་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། གསུམ་བཅུའི་དྲན་གླུ་བཏང་བ་དང་དུས་མཚུངས་མཛད་སྒོ་དངོས་གཞིའི་ཐོག་མར། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ཆོས་རྫོང་ལགས་ཀྱིས་མཛད་སྒོ་དབུ་འཛུགས་ཀྱི་གསུང་བཤད་དང་། དེ་རྗེས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། རྒྱ་རིགས་ཤེས་ཡོན་ཆབ་སྲིད་དཔྱད་གཏམ་པ་སྐུ་ཞབས་ཧུའུ་ཕིང་ལགས། ས་གནས་བུད་མེད་ལྷན་ཚོགས་དང་། ས་གནས་དབུས་གཙང་ཆོལ་ཁ། ས་གནས་མདོ་སྟོད་སྨད་ཆོལ་ཁ་བཅས་ཀྱི་ཚོགས་གཙོས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད།

སྐུ་མགྲོན་གཙོ་བོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུམ་དུས་གསུང་འཕྲིན་བོད་ཡིག་སྒྲོགས་སྦྱང་གནང་རྗེས་གསུང་བཤད་མདོར་བསྡུས་ཤིག་གནང་བའི་སྙིང་པོར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ཆོ་འཕྲུལ་སྨོན་ལམ་གྱི་ཆོས་འབྲེལ་སྐབས་ཆིག་སྒྲིལ་སྐོར་བཀའ་སློབ་སྩལ་ཡོད་པ་ཚང་མས་མཁྱེན་གསལ་ལྟར། ང་རང་ཚོ་ཚང་མས་བཀའ་སློབ་འདི་སོ་སོ་རང་ཉིད་ལ་ཕེབས་སོང་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་རང་གི་སྤྱོད་པར་རང་གིས་ཞུ་དག་གིས་འགྲིག་པ་དང་མ་འགྲིག་པ་ངོས་འཛིན་གསལ་པོ་ཐུབ་པ་དགོས་པའི་སྐོར་དང་། དེ་འདྲའི་རྨང་གཞིའི་ཐོག་ནས་ནང་ཁུལ་མཐུན་ལམ་བྱས་ཏེ་ནུས་པ་ཡོངས་རྫོགས་སྤྱི་པའི་ཐོག་སྤུངས་དགོས་པའི་སྐོར། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་བཟུང་གི་ཡོད་པ་དང་། རྒྱ་ནག་གི་ཤུགས་རྐྱེན་གང་སར་རྒྱ་བསྐྱེད་བྱེད་ཀྱི་ཡོད་པར་དོ་སྣང་གིས་གདོང་ལེན་མ་ཆུག་པ་བྱེད་དགོས་པ་ལས། ནང་ཁུལ་གྱི་གནད་དོན་ཆུང་ངུར་མགོ་འཁོར་ནས་བསྡད་རྒྱུ་མེད་པ་དང་། ལྷག་པར་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་། རྒྱལ་བ་ཀརྨ་པ་རིན་པོ་ཆེ། ཀིར་རྟི་རིན་པོ་ཆེ་བཅས་ནས་ཉེ་ཆར་ཆིག་སྒྲིག་སྐོར་བཀའ་སློབ་གནང་བ་རྣམས་ལ་དོ་སྣང་གིས་ལག་ལེན་ཐོག་འཁྱོལ་བ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར། སྤྱི་ཚོགས་དྲྭ་རྒྱའི་ནང་གི་དཀྲོག་གཏམ་ལ་མགོ་འཁོར་རྒྱུ་མེད་པའི་སྐོར་སོགས་གསུང་ནས་ཆིག་སྒྲིལ་གྱི་གལ་ཆེའི་རང་བཞིན་ནན་བརྗོད་གནང་ཡོད།

བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་དུས་གསུང་འཕྲིན་སྒྲོགས་སྦྱང་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་དབྱིན་དྲུང་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་འཕྲིན་དབྱིན་ཡིག་ནང་སྒྲོགས་སྦྱང་གནང་། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་། དེ་བཞིན་ས་གནས་བུད་མེད་ལྷན་ཚོགས་དང་། ས་གནས་དབུས་གཙང་ཆོལ་ཁ། ས་གནས་མདོ་སྟོད་སྨད་ཆོལ་ཁ་བཅས་ཀྱི་ཚོགས་གཙོ་རྣམ་པས་སྐྱོ་བའི་ལོ་རྒྱུས་དྲངས་པ་དང་། ༧གོང་ས་མཆོག་གི་རླབས་ཆེན་མཛད་རྗེས་དྲངས་པ། བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་བབ་གླེང་པ་གནང་སྟེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་གསུམ་བཅུའི་དྲན་ཐེངས་ ༥༩ ལ་དྲན་གསོ་ཞུས།

མཚན་སྙན་ཆེ་བའི་རྒྱ་རིགས་ཤེས་ཡོན་ཅན་སྐུ་ཞབས་ཧུའུ་ཕིང་གིས་གསུང་བཤད་གནང་བའི་སྐབས། བོད་དོན་འཐབ་རྩོད་ལ་རྒྱ་རིགས་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུའི་ལངས་ཕྱོགས་གསལ་སྟོན་གནང་བ་དང་དུས་མཚུངས་མི་ལོ་ང་དགུའི་སྔོན་དུ་བོད་མི་རིགས་ཡོངས་ལ་བསམ་ཡུལ་ལས་འདས་པའི་དཀའ་སྡུག་ཚད་མེད་བྱུང་ཡང་། མི་ལོ་ ༦༠ ཉེ་བའི་བཙན་བྱོལ་གྱི་ལོ་ཟླར་ཕྱིར་མིག་བལྟ་སྐབས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་སྙན་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྱབ་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་ཀྱི་རིག་གཞུང་རྒྱལ་སྤྱིའི་ཐོག་གོང་འཕེལ་ཕྱིན་པ་བཅས་ནི། བོད་མི་རྣམས་ལ་ཐོབ་པའི་ཧ་ཅང་ཆེ་བའི་གྲུབ་འབྲས་ཡིན་པས་དེ་ནི་ལས་སླ་པོ་རྩ་བ་ནས་མིན། ཉེ་བའི་ལོ་ཤས་རིང་རྒྱ་རིགས་ཀྱི་སྤྱི་ཚོགས་ཁྲོད་བོད་དོན་ལ་སེམས་ཁུར་བྱེད་མཁན་སྔར་བས་མང་དུ་འགྲོ་བཞིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ཡོད་པ་རེད་ཅེས་གསུང་པ་དང་། ཁོང་གིས་མཇུག་ཏུ། ད་བར་གཞིས་ལུས་བོད་མི་ ༡༥༢ ཀྱིས་རང་སྲེགས་ཀྱི་ལམ་ནས་ངོ་རྒོལ་གནང་བ་དང་། བོད་ནང་དུས་ད་ལྟ་ཡིན་ན་ཡང་ཧ་ཅང་གི་དམ་བསྒྲགས་ཆེན་པོ་ཡོད་པ་འདིའི་ཐོག་ནས་བོད་མི་ཚོས་རྒྱ་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་ཐབ་རྩོད་མཚམས་ཆད་མྱོང་མེད་པ་དང་། རྒྱ་ནག་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཟེར་བ་དྲིལ་བསྒྲགས་བྱེད་པ་ནི་རྫུན་གཏམ་ཡིན་པ་གསལ་བཤད་བྱུང་བ་རེད་ཅེས་གསུང་ཡོད་པ་རེད།

གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་ནི་ནིའུ་ཡོག་དང་། ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གཙོ་གྱུར་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བརྒྱད་ཐུན་མོང་ནས་གྲ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། དེ་ཉིན་གྲོང་ཁྱེར་ནིའུ་ཡོག་ནང་གི་གནམ་གཤིས་ཧ་ཅང་གི་གྲང་ངར་ཆེ་ཡང་སེར་སྐྱ་མང་ཚོགས་ ༢༥༠༠ ཙམ་འདུ་འཛོམས་ལ་མཉམ་ཞུགས་གནང་ཡོད། །

Share with your friends










Submit