ཟླ་བ་ ༣ ཚེས ༡༣ ༢༠༡༨
Published By Kalsang Gyatso

ཕྱི་ལོ་༢༠༡༨ ཟླ་ ༣ ཚེས་ ༡༣ རེས་གཟའ་མིག་དམར།

༄༅། །བོད་ཀྱི་བུད་མེད་ཉིན་མོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག་གཉའ་ཁྲི་ཚོགས་ཁང་དུ་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་བསྐོང་ཚོགས་གནང་ཡོད།

དེ་ཡང་ཕྱི་ལོ་༢༠༡༨ ཟླ་ ༣ ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ ཐོག་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་ཚང་འཛོམས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ནས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་།

དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེས་གཙོས་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམ་པར་ཞུ་རྒྱུར། དེ་རིང་ང་ཚོ་འདིར་འཛོམས་དགོས་དོན་ནི། ཕྱི་ཟླ་༣ ཚེས་ ༡༢ ཉིན་བུད་མེད་ཉིན་མོ་ཞེས་༧གོང་ས་མཆོག་དབུ་བཞུགས་ཐོག་ན་ནིང་གཙུག་ལག་ཁང་དུ་མཛད་སྒོ་ཆེན་པོ་ཞིག་ཚོགས་པ་རེད། མཛད་སྒོ་དེ་ཚོགས་པ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ནུས་སྟོབས་སྐོར་གོ་རྟོགས་རྒྱ་ཆེན་པོ་སྤེལ་ཐུབ་ཡོད།

ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བུད་མེད་སྒེར་ལངས་ཉིན་མོ་དེ་བཞིན་བོད་ཀྱི་བུད་མེད་ཉིན་མོར་སྲུང་བརྩི་ཞུས་ན་འགྲིག་མིན་སྐོར་གྲོས་ཚོགས་ནང་དང་།   བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བགྲོ་གླེང་ཤུགས་ཆེ་བྱུང་བ་རེད། བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་སྐོར་གོ་རྟོགས་གང་མང་ཡོང་བའི་ཆེད་གྲོས་ཚོགས་ནང་དུའང་སྤྱི་འཐུས་རྣམ་པས་དགོངས་ཚུལ་གསུང་མ་ཚར་བར་དུ་བཀའ་ཤག་གིས་གསལ་བཤད་ཞུ་མེད།
ད་ལྟའི་ཆར་བུད་མེད་ནུས་སྟོབས་ཀྱི་ལས་གཞི་དེ་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པས་དཔལ་འབྱོར་བཀའ་བློན་མཆོག་ནས་དེ་སྐོར་གསུང་བཤད་གནང་བ་ཡིན་ན་མ་འགྲིག་པ་མེད། འོན་ཀྱང་སྲིད་སྐྱོང་གིས་དེ་སྐོར་བགྲོ་གླེང་ཆ་ཤས་ལེན་དགོས་དོན་ནི། བུད་མེད་ནུས་སྟོབས་སྐོར་བགྲོ་གླེང་ག་ཚོད་ལྷུགས་པོ་བྱུང་བ་ཡིན་ནའང་དེ་ཚོད་ཀྱིས་སྤྱི་ཚོགས་ནང་ཕན་ཐོགས་ཡོང་ས་རེད་སྙམ་ནས་ཆ་ཤས་བླངས་པ་ཞིག་ཡིན།

ཕྱི་ཟླ་ ༣ ཚེས་ ༡༧ ནི་བོད་པའི་ལོ་རྒྱུས་ནང་ཧ་ལས་པའི་གལ་ཆེན་པོ་ཆགས་ཡོད། ༧གོང་ས་མཆོག་གི་མཛད་རྣམ་ལ་ཡག་པོ་གཟིགས་པ་ཡིན་ན། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོ་ཆུ་ཚོད་ ༡༢ ལ་༧གོང་ས་མཆོག་བོད་ནས་རྒྱ་གར་འཕགས་པའི་ཡུལ་ལ་ཆིབས་སྒྱུར་བསྐྱངས་གནང་གི་ཡིན་ཞེས་ཐུགས་ཐག་བཅད་གནང་བ་རེད། ཉིན་མོ་དེ་ནི་བོད་ཀྱི་ཆབ་སྲིད་དང་༧གོང་ས་མཆོག་སྐུ་སྒེར་ངོས་ནས་ཀྱང་གལ་ཆེ་ཤོས་ཆགས་ཡོད། གང་ཡིན་ཞེ་ན། འགོ་ཁྲིད་སུ་འདྲ་ཞིག་ཡིན་རུང་སོ་སོའི་ལུང་པ་བཞག་ནས་མི་ཡུལ་དུ་ཕེབས་འདོད་ཡོད་པ་མ་རེད། ཆབ་སྲིད་ཐོག་ནས་བཤད་ནའང་གལ་ཏེ་༧གོང་ས་མཆོག་བོད་ནས་རྒྱ་གར་དུ་མ་ཕེབས་པ་ཡིན་ན། ག་རེ་ཆགས་ཡོད་མེད་དྲིས་པ་ཆེན་པོ་ཞིག་རེད།

ཕྱི་ཟླ་ ༣ ཚེས་ ༡༧ ཉིན་༧གོང་ས་མཆོག་བོད་ནས་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་ནས་ལོ་ངོ་དྲུག་ཅུ་ཧྲིལ་པོ་འཁོར་གྱི་ཡོད་སྟབས།  ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ང་ཚོས་བཞུགས་མོལ་ཚོགས་འདུ་འཚོགས་རྒྱུ་གཏན་འཁེལ་བྱས་པ་རེད། གཉིས་པ་བུད་མེད་ནུས་སྟོབས་སྤེལ་དགོས་པའི་དམིགས་ཡུལ་ནི། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་དང་ལས་གཞི། ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་ས་གནས་གཞིས་ཆགས་ཁག་ཏུའང་འབྲེལ་ཡོད་ལས་བྱེད་ཚོས་བཞུགས་མོལ་ཚོགས་འདུ་འཚོགས་ན་བསམས་པ་རེད། དེ་རིང་ང་ཚོ་འདིར་འཛོམས་དགོས་དོན་ཡང་དེ་ག་རང་རེད། ན་ནིང་ང་ཚོས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་འདུ་ཚོགས་རྗེས་དགོངས་ཚུལ་  ༤༨༣ བྱུང་ཡོད། དེ་དག་ཚང་མ་དོན་ཚན་  ༥༧ ནང་བསྡུས་པ་རེད། དོན་ཚན་དེ་དག་འབྲེལ་ཡོད་ལྷན་ཁང་ཁག་གི་ནང་བཏང་ཟིན། ང་ཚོས་ད་ལྟའི་ཆར་དོན་ཚན་དེ་དག་རེ་རེ་བཞིན་ལག་བསྟར་གནང་དང་གནང་བཞིན་པ་རེད།
༧གོང་ས་མཆོག་གིས་ངོས་རང་ལ་ཐོག་མར་བྱམས་སྙིང་རྗེ་སྦྱིན་མཁན་དེ་ངོས་ཀྱི་་ཨ་མ་ལགས་ཡིན། ཞེས་བཀའ་སློབ་སྩལ་ཡོད་པ་མ་ཟད། བུད་མེད་ནུས་སྟོབས་སྤེལ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་རབ་དང་རིམ་པ་སྩལ་ཡོད། འགྲོ་བ་མིའི་སྤྱི་ཚོགས་འདི་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡོང་བར་བུད་མེད་ཚོས་འགན་ཁུར་མཉམ་ལེན་བྱེད་དགོས་པའི་བཀའ་སློབ་སྩལ་ཡོད། དེར་བརྟེན་༧གོང་ས་མཆོག་གིས་ཕྱི་ལོ་  ༢༠༡༦ ལོར་བཙུན་མ་ཉི་ཤུ་ཐམ་པར་དགེ་བཤེས་མའི་ཕྱག་འཁྱེར་གསོལ་སྩལ་གྱིས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྲོད་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་ཡོད།

ཚན་རིག་པ་ཚོས་ཞིབ་འཇུག་བྱས་པ་ལྟར་ན། ཨ་རི་ནང་སེམས་ནད་ Depression ན་མཁན་སྐྱེས་པ་ལས་བུད་མེད་མང་བ་ཡོད་པ་བརྗོད་ཀྱི་འདུག ཨ་རི་ནང་སེམས་ནད་ན་མཁན་དེ་འདྲ་མང་པོ་ཡོད་པ་ཡིན་ན་ཨེ་ཤི་ཡའི་ནང་མང་པོ་ཡོད་པ་བརྗོད་མ་དགོས་པ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་དཀའ་ངལ་དེ་ཏན་ཏན་ཡོད་ས་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་སྐྱེས་པ་དང་བུད་མེད་ཅེས་དབྱེ་བ་མེད། འོན་ཀྱང་ད་ལྟའི་སྤྱི་ཚོགས་ནང་དབྱེ་འབྱེད་ཡོད་པ་བརྗོད་ཀྱི་འདུག དབྱེ་འབྱེད་དེ་བསམ་བློ་གཏོང་སྟངས་དང་གོམས་གཤིས་ཐོག་ནས་ཡོོང་གི་ཡོད་པ་རེད། དེ་རིང་ང་ཚོ་འདིར་སྐྱེས་པ་དང་བུད་མེད་ལས་བྱེད་རྣམས་ཚང་འཛོམས་ཀྱིས་བུད་མེད་ནུས་སྟོབས་སྐོར་གོ་རྟོགས་སྤེལ་དགོས་པ་དེ་སྐྱེས་པ་ཚོས་བུད་མེད་ནུས་སྟོབས་གོང་སྤེལ་ཆེད་རྒྱབ་སྐྱོར་ཡོང་སླད་ཡིན། ཞེས་གསུང་བཤད་གནང་།

དེ་རྗེས་ཕྱི་དྲིལ་སྒྲ་བརྙན་ཚན་པ་ནས་ཚོགས་བཅར་བ་ཡོངས་ལ་བུད་མེད་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་ཞུས་གྲུབ་མཚམས་ཚོགས་བཅར་བ་ཡོངས་ནས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་བགྲོ་གླེང་རྒྱས་པ་ཞིག་གནང་སྟེ་ཕྱི་དྲོ་ཆུ་ཚོད་ ༥ ཐོག་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་ཡོངས་སུ་ལེགས་པར་གྲུབ་ཡོད་པ་བཅས། །

Share with your friends










Submit