ཟླ་བ་ ༣ ཚེས ༩ ༢༠༡༨
Published By Kalsang Gyatso

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༩ རེས་གཟའ་པ་སངས།


༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐུ་ཞབས་ནེ་ཕུ་རིའོ་ Sh. Neiphiu Rio མཆོག་རྒྱ་གར་བྱང་ཤར་མངའ་སྡེ་ན་ག་ལན་ཌིའི་སྤྱི་ཁྱབ་བློན་ཆེན་དུ་སླར་ཡང་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གནང་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༨ ཉིན་ན་ག་ལན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནེ་ཕུ་རིའོ་མཆོག་ལ་དགའ་བསུའི་འཚམས་འཕྲིན་ཕུལ་བའི་ནང་འཁོད་དོན། ན་ག་ལན་ཌི་མངའ་སྡེའི་མི་མང་ནས་སྐུ་ཉིད་མཆོག་ལ་ཡིད་ཆེས་བློ་འགེལ་དང་། གདེང་སྤོབས་ཆེན་པོ་གནང་བར་བརྟེན། སྐུ་ཉིད་བསྐྱར་དུ་ན་ག་ལན་ཌི་མངའ་སྡེའི་བློན་ཆེན་དུ་འོས་འདེམས་ཀྱིས་རྒྱལ་ཁ་ཐོབ་ཡོད། ཅེས་དང་།
མུ་མཐུད་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་གིས་ད་བར་བོད་དོན་དང་བོད་མི་མང་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་དང་གནང་བཞིན་པ་མ་ཟད། སྤྱི་ཁྱབ་བློན་ཆེན་མཆོག་མཛད་འཕྲིན་རྒྱས་པོ་ཡོད་ཀྱང་དུས་ཚོད་ཟུར་འདོན་གྱིས་བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམ་པར་ཐུགས་འཕྲད་གནང་སྟེ་བོད་དོན་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་འདུག འབྱུང་འགྱུར་ཡང་སྤྱི་ཁྱབ་བློན་ཆེན་མཆོག་གི་མཛད་འཕྲིན་སྔར་ལས་རྒྱས་ཞིང་། མི་མང་གི་མངོན་འདོད་བསྒྲུབ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད། ཅེས་འཁོདའདུག །

Share with your friends










Submit