ཟླ་བ་ ༣ ཚེས ༨ ༢༠༡༨
Published By Kalsang Gyatso

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༨ རེས་གཟའ་ཕུར་བུ།


༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་སྦེལ་ཇམ་ Belgium ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ནང་ཟླ་རེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་འདུག

དེ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་མ་ཟད། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ལ་ཚོགས་བཅར་བ་ཡོངས་ལ་གསུང་བཤད་གནང་སྐྱོང་ཡོང་བའི་རེེ་སྐུལ་ཞུས་འདུག

དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ སྲུང་བརྩིའི་མཛད་སྒོར་མགྲོན་འབོད་ཞུས་པ་ཞིག་ཡིན་པ་དང་། གོ་སྐབས་དེ་དང་བསྟུན་ནས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་སྦེལ་ཇམ་ནང་ཉིན་གྲངས་གཉིས་རིང་བོད་མི་རྣམས་ལ་དང་བླངས་དཔྱ་ཁྲལ་ལག་དེབ་འབུལ་ཕྱོགས་ཐད་ལམ་སྟོན་གནང་སླད་ཕེབས་ཡོད་པ་དང་།

དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་། ཡུ་རོབ་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་ད་བར་བོད་དོན་ཐོག་ཐུགས་འཁུར་དང་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་གནང་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་བོད་དོན་ཐོག་ཕྱག་ལས་རླབས་ཆེན་གནང་དང་གནང་བཞིན་པའི་སྐོར་ངོ་སྤྲོད་གནང་ཡོད། དེ་བཞིན་བཀའ་བློན་མཆོག་གིས་ཡུ་རོབ་གྲོས་ཚོགས་ནས་ད་བར་བོད་དོན་ཐོག་གྲོས་ཆོད་སྣ་མང་བཞག་པར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་གནང་ཡོད།

བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༡༨།༢༠༡༩ ལོའི་ལོ་འཁོར་སྔོན་རྩིས་འཆར་འབུལ་དང་འཚོགས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐོར་ལ་ངོ་སྤྲོད་རྒྱས་པ་གནང་ཡོད།

ཐེངས་འདིའི་ཚོགས་འདུའི་སྟེང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་། སྐུ་ཚབ་མི་སྣ་སོགས་ཕེབས་ཡོད་པ་དང་བཅས། །

Share with your friends










Submit