ཟླ་བ་ ༣ ཚེས ༡ ༢༠༡༨
Published By Kalsang Dekyi

༢༠༡༨ ཟླ་ ༣ ཚེས་ ༡ རེས་གཟའ་ཕུར་བུ།

༅། །འདི་གར་ཐེ་ལྦན་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན།   ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ནས་ ༩ བར་ཐེ་ཝན་སྲིད་འཛིན་གྱི་ཕོ་བྲང་མདུན་ཐང་དུ་མཉམ་གནས་རོལ་དབྱངས་དུས་ཆེན་ཞེས་པའི་ཐོག་གངས་ལྗོངས་དཔེ་སྐྲུན་ཁང་དང་། བོད་མིར་རྒྱབ་སྐྱོར་བྱེད་མཁན་ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་སོགས་ནས་བོད་དོན་ངོ་སྤྲོད་དང་། གསུམ་བཅུའི་དུས་དྲན་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་རྒྱུའི་ཁྱབ་བསྒྲགས་གང་ཆེ་བྱས་ཡོད། གངས་ལྗོངས་དཔེ་སྐྲུན་ཁང་ནས་གངས་ལྗོངས་དེབ་ཕྲེང་གྲངས་ ༣༠ བཤམས་སྟོན་དང་། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་བོད་དོན་ཁྱབ་བསྒྲགས་ཀྱི་ཅ་དངོས་སྣ་མང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་གློད་བཀྲོལ་སོགས་ཀྱི་བརྗོད་གཞིའི་ཐོག་ནས་བོད་དོན་ངོ་སྤྲོད་གནང་བར་དོ་སྣང་བྱེད་མཁན་མང་དག་བྱུང་ཡོད།

ད་ཐེངས་ཀྱི་རོལ་དབྱངས་དུས་ཆེན་ནི་ ༢༢༨ དོན་རྐྱེན་སྲུང་བརྩིའི་ཆེད་ཡིན་ཞིང་། གཙོ་བོ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༣༠ ལྷག་མཉམ་ཞུགས་གནང་སྟེ་རོལ་དབྱངས་དང་། གཏམ་བཤད། འགྲེམས་སྟོན་སོགས་ཀྱི་ལམ་ནས་སོ་སོའི་མངོན་འདོད་ངོ་སྤྲོད་དང་ཁྱབ་བསྒྲགས་བྱས་ཡོད།  

གཞན་ཡང་བོད་དང་ཐེ་ལྦན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གོ་སྒྲིག་འོག་ཕྱི་ཟླ་ ༢ པའི་རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷག་དཀར་སྲུང་བརྩི་ཞུས་པ་དང་ཆབས་ཅིག་བོད་དོན་རྒྱབ་སྐྱོར་གནང་མཁན་ཁག་གཅིག་གིས་དང་བླངས་ཐོག་ལག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ནས་ཐེ་ལྦན་མི་ཚོགས་ཆེ་བའི་ལམ་ཆེན་དུ་བསྐྱོད་དེ་བོད་དོན་དྲིལ་བསྒྲགས་དང་། ཕྱི་ཟླ་ ༣ ནང་དུའང་ལས་འགུལ་སྣ་མང་སྤེལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་གནང་ཡོད་པ་བཅས།།

 

Share with your friends










Submit