ཟླ་བ་ ༣ ཚེས ༡༧ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༧ རེས་གཟའ་སྤེན་པ།

སྔོན་གླེང་།

༄༅། །ཕྱི་ལོའི་དུས་རབས་ ༢༠ པའི་ལོ་རབས་ ༥༠ ནང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཟེར་བས་བོད་ལ་བཙན་འཛུལ་བྱེད་འགོ་བཙུགས་ཏེ། བོད་ཀྱི་སྣོད་བཅུད་གཉིས་ཀར་ཉམས་དམས་ཚབས་ཆེན་བཟོས་ཡོད། ལྷག་པར་དུ་དམངས་གཙོ་བཅོས་སྒྱུར་ཟེར་བ་དང་ཟིང་འཁྲུག་ཞོད་འཇགས་ཟེར་བར་ཁ་གཡར་ཏེ། བོད་མི་རྣམས་རྣམ་པ་མི་འདྲ་བའི་ཉེས་མིང་འོག་སྡེབས་གསོད་དང་། བཙོན་འཇུག གཅར་རྡུང་། མུག་ཤི་བཅས་ཐེབས་སུ་བཅུག་སྟེ། ཉུང་མཐར་བོད་མི་འབུམ་ ༡༢ ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་དང་། བཤད་སྒྲུབ་ཀྱི་དགོན་སྡེ་དྲུག་སྟོང་ལྷག་ཙམ་རྩ་གཏོར། སྲིད་ན་རིན་ཐང་བྲལ་བའི་ནོར་བུའི་རིགས་མང་པོ་རྒྱ་ཡུལ་དུ་དབོར་འདྲེན། བཀའ་བསྟན་གཉིས་ཀྱིས་གཙོས་པའི་བོད་མིའི་རིག་དངོས་གྲངས་ལས་འདས་པ་མེར་བསྲེགས། དེ་བཞིན་ལོ་རབས་ ༦༠ པའི་ནང། བོད་ཀྱི་ས་ཁུལ་མང་པོར་དགུ་གཉིས་པའི་ཟིང་འཁྲུག་ཞོད་འཇགས་གཏོང་བ་ཞེས་པའི་ལས་འགུལ་སྐབས། བོད་མི་ཁྲི་ཚོ་མང་པོ་དམར་གསོད་བྱས་ཏེ་གཞིས་བཞུགས་བོད་མི་རྣམས་ཀྱིས་དཀའ་སྡུག་མ་བཟོད་པར། རིགས་གཅིག་ནས་རང་གིས་རང་ལ་གྲི་བསྣུན་པ་དང་། ཕ་མ་བུ་ཕྲུག་ལག་སྦྲེལ་བྱས་ཏེ་ཆུ་ལ་མཆོང་བ། གནམ་སྐེ་བཏགས་ནས་རང་ཤི་བརྒྱབ་པ་བཅས་བོད་མི་མང་པོ་མི་ཤི་ཁྱིམ་སྟོང་ཆགས་དོན་ནི་རྒྱ་དམར་གཞུང་གིས་བོད་མིའི་ཐོག་སྙིང་རྗེ་མེད་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་མཇུག་འབྲས་ཉག་ཅིག་ཡིན།
རྒྱ་གཞུང་གིས་མི་སེར་སྤེལ་བའི་སྲིད་བྱུས་འོག་རྒྱ་རིགས་མང་པོ་བོད་སར་གནས་སྤོས་ཀྱིས། ད་ལྟའི་ཆར་བོད་ས་ཡོངས་ལ་བོད་མི་ལས་རྒྱ་མི་མང་བ་ཆགས་ཏེ། བོད་མི་རྣམས་རང་ས་རང་ཡུལ་ནས་གྲངས་ཉུང་མི་རིགས་ཆགས་ཡོད། རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་ཁ་གཡར་ནས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་ཞྭ་མོ་སྣ་ཚོགས་གཡོག་སྟེ་བཙོན་འཇུག་བྱེད་པ་དང་། ཆོས་བྱེད་གྲྭ་བཙུན་ཕྱིར་འབུད། བླ་རུང་སྒར་སོགས་དགོན་སྡེ་ཆེ་ཆུང་མང་པོ་གཏོར་བཤིག རིག་གཞུང་རྩ་མེད། རང་བྱུང་ཁོར་ཡུག་གཏོར་སྐྱོན། སྐད་ཡིག་ཉམས་དམས། རྩ་ཆེའི་གཏེར་དངོས་རྒྱ་ཡུལ་དུ་དབོར་འདྲེན། དབུལ་སྐྱོར་མཁྲེགས་གཏོར་ཟེར་བའི་སྲིད་བྱུས་འོག་སྲོལ་རྒྱུན་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་དང་ཡུལ་བབ་འཚོ་གནས་སོགས་ལ་ཇི་མི་སྙམ་པར་འབྲོག་ས་གྲོང་སྡེ་ཅན་དུ་བསྒྱུར་བ། བོད་ཁང་རྒྱ་ལུགས་སུ་བསྒྱུར་བ། ཆས་གོས་རྒྱ་ལུགས་སུ་བསྒྱུར་བ། གོམས་སྲོལ་རྒྱ་ལུགས་སུ་བསྒྱུར་བ་བཅས་མདོར་ན་བོད་མི་རྒྱ་བསྒྱུར་གྱི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་ཡོད།
འདི་ལོ་ནི་བོད་རང་དབང་སླར་གསོའི་ཆེད་བོད་ས་ཁྱོན་ཡོངས་ནས་རླབས་ཆེན་གྱི་ཡར་ལངས་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་ལོ་ཡིན་ལ། སྐབས་དེར་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བཙན་གནོན་དང་ཁྲག་དྲི་བྲོ་བའི་དམར་གསོད་བྱས་པ་དེ་ནི་བོད་མི་རིགས་ཀྱི་སེམས་ཁོང་ལ་ནམ་ཡང་སོས་ཐབས་མེད་པའི་རྨ་ཁ་ཞིག་བཟོས་ཡོད། ཞི་རྒོལ་སྐབས་བཙོན་འཇུག་བྱས་པ་ཁག་ཅིག་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་པ་དང་། ཁག་ཅིག་ད་དུང་ཡང་རྒྱ་གཞུང་གི་བཙོན་ཁང་དུ་ལྷག་ཡོད་ལ་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད།

བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ལ་སེམས་ཁུར་དང་དགའ་ཞེན་ཡོད་པའི་བོད་མི་རྣམས་ལ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་བཙོན་འཇུག་དང་མནར་གཅོད་བྱེད་བཞིན་པ་དང་། བོད་མི་ཞིག་བོད་ཀྱི་ས་ཁུལ་ཁག་ལ་བསྐྱོད་སྐབས་ངོ་སྤྲོད་ལག་འཁྱེར་དང་རྒྱབ་གཉེར་ཡིག་ཆ་སོགས་ཡིག་ཆ་བཞི་ཙམ་ཡོད་ཀྱང་ད་དུང་གནད་དོན་ཆུང་ཙག་ལ་བསྙད་འདོགས་ཀྱིས་མཐོང་ཆུང་དང་། བརྙས་བཅོས། གཅར་རྡུང་། བཙོན་འཇུག་བཅས་བྱེད་བཞིན་པ་དང་། བོད་མི་ཞིག་རྒྱ་ནག་གི་གྲོང་ཁྱེར་ཆེ་ཆུང་གང་དུ་སོང་ཡང་སྡོད་གནས་མགྲོན་ཁང་དང་། ཟ་ཁང་། སྨན་ཁང་སོགས་མི་རག་པའི་དཀའ་ངལ་བཟོས་ཡོད། རྒྱ་རིགས་ཡིན་ན་ངོ་སྤྲོད་ལག་འཁྱེར་གཅིག་པུའི་ཐོག་ནས་བོད་ཁུལ་ཡོངས་ལ་གང་འདོད་དུ་བསྐྱོད་ཆོག་པའི་ལམ་ལུགས་འདི་ནི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་ལག་བསྟར་ཚུལ་མཐུན་མེད་པའི་མངོན་རྟགས་གསལ་རྗེན་དུ་ཐོན་པ་ཞིག་ཡིན།

དགོན་སྡེ་ཁག་གི་གྲྭ་བཙུན་ལ་ཚད་བཀག་དང་། རྒྱུན་སྲོལ་ཆོས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་བཅས་སྤེལ་ནས། མི་འདོད་བཞིན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཅུག་པ་དང་། དགོན་སྡེའི་དོ་དམ་གསར་གཏོད་ཅེས་པའི་འོག ཞི་མཐུན་དཔེ་བཟང་གི་དགོན་སྡེ་ཟེར་བ་དང་། རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་ཟེར་བའི་ཁ་གཡང་སྒྲོག་ནས། དགོན་སྡེའི་དོ་དམ་ལྷན་ཁང་དང་། བཅའ་སྡོད་ལས་དོན་རུ་ཁག བཅའ་སྡོད་ཉེན་རྟོག་རུ་ཁག བཅའ་སྡོད་མེ་ཟོན་རུ་ཁག བཅའ་སྡོད་དྲག་ཆས་ཉེན་རྟོག་རུ་ཁག་ཟེར་བ་ཁྲི་སྟོང་མང་པོ་བོད་ས་གང་སར་མངགས་གཏོང་བྱས་ཏེ་བོད་ཁུལ་གྱི་དགོན་སྡེ་རྣམས་དམག་གི་རྟེན་གཞི་ལྟ་བུར་བསྒྱུར་ཡོད་པ་མ་ཟད། གྲྭ་བཙུན་རྣམས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་དང་འཆད་རྩོད་རྩོམ་གསུམ་བྱ་རྒྱུའི་སློབ་སྦྱོང་གི་ཁ་ཕྱོགས་བསྒྱུར་ནས་དམར་ཤོག་རིང་ལུགས་དྲིལ་བསྒྲགས་བྱ་སའི་སློབ་ཁང་ལྟ་བུ་ཞིག་ཏུ་བསྒྱུར་ཡོད། འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་ཀྱི་རྗེ་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་མཇལ་ཉིན། རྒྱ་དམག་ཤིན་ཏུ་མང་པོ་འགྲེམས་འཇོག་གིས་དད་ལྡན་བོད་རིགས་མི་མང་གི་ཆོས་དད་རང་མོས་ལ་འགོག་རྐྱེན་དང་འཇིགས་སྐུལ་ཚད་ལས་བརྒལ་བ་བྱས་པ་ནས་ཀྱང་ཤེས་ཐུབ།

བོད་ནང་གི་གཏེར་ཁ་བསྔོགས་འདོན་གྱིས་མཚོན་རང་བྱུང་ཁོར་ཡུག་ལ་ཚད་ལས་བརྒལ་བའི་གཏོར་སྐྱོན་གཏོང་མུས་དང་། རྫ་སྟོད་ནས་ཕ་ལམ་དཀར་པོའི་གཏེར་ཁ་དང་། ལྷ་ཐོག་གཡུ་ལུང་ཟངས་གཏེར། ཐེམ་ཆེན་རྫོང་ནས་སོལ་གཏེར། གསེར་ཆེན་རྫོང་ནས་རྡོ་ཀ་མ་རུ་པའི་གཏེར་ཁ་སོགས་བོད་ཀྱི་ས་གནས་ཁག་མང་པོ་ནས་གཏེར་ཁ་རིགས་མི་འདྲ་བ་མང་པོ་བསྔོག་འདོན་བྱེད་བཞིན་པ་མ་ཟད། ཧ་ཡང་བཟོ་གྲྭ་དང་། ལཱ་ཏན་གློག་རྫས་ཟེར་བའི་བཟོ་གྲྭ་བོད་དུ་བཙུགས་ནས་རྫས་སྙིགས་དག་གང་བྱུང་དུ་གཡུག་བཞིན་ཡོད། རྒྱ་གཞུང་གིས་དཔལ་འབྱོར་ཡར་རྒྱས་ལ་ཁ་གཡར་ནས་རང་བྱུང་གཏེར་ཁའི་ཐོན་ཁུངས་ཡོད་སའི་བོད་ཀྱི་ས་གནས་ཁག་ལ། རྒྱ་རིགས་ཁེ་ལས་པ་དག་གིས་མ་དངུལ་ཕོན་ཆེ་བཏང་སྟེ། ས་གནས་བོད་རིགས་ཡར་རྒྱས་གཏོང་རྒྱུའི་ཐོབ་ཐང་མེད་པར་བོད་སའི་ཨར་སྐྲུན་དང་། ལམ་བཟོ་སོགས་འཛུགས་སྐྲུན་ལས་གཞི་ཁག་གི་དབང་ཆ་ཡོངས་རྫོགས་རྒྱ་མིའི་ཁེ་ལས་པ་ཚོས་ཧམ་འཕྲོག་བྱས་ནས་བོད་རིགས་ཁེ་ལས་པ་མང་པོ་བོད་ས་ནས་ལས་མེད་ཆགས་བཞིན་ཡོད། མདོར་ན་ལྷོ་ཆུ་བྱང་འདྲེན་དང་། ལྕགས་ལམ་གསར་འཛུགས་ཀྱི་ལས་འཆར་འོག བོད་ཀྱི་སྲོལ་རྒྱུན་བླ་རི་མང་པོ་བསྔོག་རྒྱུར་དམིགས་འབེན་དུ་བཟུང་ནས་བོད་ཀྱི་སྣོད་བཅུད་གཉིས་ཀར་ཉམས་དམས་ཚབས་ཆེན་དུ་གཏོང་བཞིན་ཡོད།

ཨ་རི་དང་ཡུ་རོབ་སོགས་ཕྱིའི་ཡུལ་གྲུ་ཁག་གི་རང་དབང་གི་གསར་འགོད་པ་དང་། གཞུང་འབྲེལ་རྟོག་ཞིབ་མི་སྣ་བོད་དུ་བསྐྱོད་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་ལ། གལ་ཏེ་བོད་དུ་བསྐྱོད་ཐུབ་པ་དེ་དག་ལ་རྒྱ་གཞུང་གི་སྟངས་འཛིན་འོག་སྣེ་ཤན་མི་སྣ་དང་མཉམ་བསྐྱོད་ཀྱིས་སྔོན་ཚུད་ནས་ཡུལ་སྐོར་འགྲོ་སའི་ས་ཆ་དང་མི་སྣ་གྲ་སྒྲིག་བྱས་ཏེ་དོན་དངོས་སྦས་སྐུང་གིས། བོད་ནང་གི་དངོས་ཡོད་གནས་སྟངས་ཇི་བཞིན་ཤེས་རྟོགས་ཐུབ་ཀྱི་མེད། ཕྱི་རྒྱལ་གྱི་མི་སེར་དཀྱུས་མ་ཚུན་བོད་ལ་འགྲོ་བར་བཀག་འགོག་གིས་བོད་ཀྱི་གནས་སྟངས་རྒྱལ་སྤྱིའི་མི་མང་གི་ཤེས་རྟོགས་མི་ཐུབ་པ་བཟོ་བཞིན་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་འཛམ་གླིང་ཞི་བདེའི་ཆེད་སྐད་འབོད་གནང་མཁན་སོག་མཁར་བློ་གྲོས་ལགས་ཀྱང་། ལྷ་ས་ནས་འཛིན་བཟུང་བྱས་རྗེས་ཕྱིར་སོག་རྫོང་དུ་ཁྲིད་ཡོད་པའི་གནས་ཚུལ་ཙམ་ལས། དེ་རྗེས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་དག་གི་གནས་སྟངས་ཀྱང་སྔར་ལས་ཛ་དྲག་ཆགས་བཞིན་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཏོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བའི་སྲིད་བྱུས་ཤིག་ཡིན་ལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱ་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་དབུ་མའི་ལམ་ནི་རྣམ་པ་འགྱུར་བའི་རང་བཙན་ཡིན་པར་བསྙད་པ་དང་། དེ་བཞིན་ཉེ་ཆར་ཏཱ་ལའི་རུ་ཚོགས་དང་ཕྱི་རྒྱལ་དུ་ཡོད་པའི་དགྲ་ཁ་གཏད་ཀྱི་སྟོབས་ཤུགས་ཀྱི་ངོ་ཚབ་བྱེད་མཁན་གྱི་ནག་ཚོགས་ལ་རྡུང་རྡེག་གཏོང་རྒྱུ་སོགས་འཁོད་པའི་དོན་ཚན་ཉི་ཤུ་རྩ་གཉིས་ཅན་གྱི་བརྡ་ཐོ་ཞིག་ཀྱང་འགྲེམས་སྤེལ་བྱས་ཡོད། རྒྱ་གཞུང་གི་འཁྱོག་བཤད་དང་དྲིལ་བསྒྲགས་ལོག་པ་ག་ཚོད་བྱས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ནང་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར། དེ་བཞིན་བོད་ཀྱི་སྐད་ཡིག་དང་ཁོར་ཡུག་བཅས་ཀྱི་དངོས་ཡོད་གནས་སྟངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་མུ་མཐུད་བྱེད་བཞིན་ཡོད།
སློབ་གྲྭ་ཁག་ལའང་ཏང་ལ་དགའ་ཞེན་གྱི་སློབ་གསོ་དྲིལ་བསྒྲགས་བྱེད་པ་དང་། སློབ་གཞི་ཁག་ལ་སྟངས་འཛིན་བྱས་ཏེ་སྐད་གཉིས་སློབ་གསོ་ཞེས་པའི་དྲིལ་བསྒྲགས་འོག་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སློབ་དེབ་དང་། སྐད་ཡིག་སློབ་ཁྲིད་ཇི་བཞིན་བྱེད་ཀྱི་མེད་པ། རྒྱུན་མཁོའི་སྐད་ཡིག་ནང་བོད་སྐད་བེད་སྤྱོད་བྱེད་ཀྱི་མེད་པས་སྐད་ཡིག་རིམ་བཞིན་རྩ་མེད་གཏོང་རྒྱུའི་ལམ་ལུགས་ལག་བསྟར་བྱེད་བཞིན་པ་མ་ཟད། སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་རྣམས་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་མིང་བཙན་འགེལ་གྱིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད། ཉེ་ལམ་ཨ་རིའི་རང་དབང་ཁང་པས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གཞུང་དེ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པ་དང་། ཆབ་སྲིད་ཀྱི་རང་དབང་། སྤྱི་མང་གི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་མཁན་ཆེས་སྡུག་ཤོས་ཀྱང་ཡིན་པའི་ཐེར་འདོན་བྱས་ཡོད། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་དང་། ཨ་རིའི་གྲོས་ཚོགས་སོགས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན། གཞན་ཡང་གནད་ཡོད་མི་སྣ་བཅས་ནས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བར་སེམས་འཚབ་ཡོད་པ་དང་། བོད་ཀྱི་སྐད་ཡིག་གི་སློབ་གསོའི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་གློད་བཀྲོལ་དགོས་པའི་གྲོས་ཆོད་དང་བསྒྲགས་གཏམ་ཡང་སྤེལ་གནང་ཡོད།

བོད་ཀྱི་ས་ཁྱོན་ཡོངས་སུ་རྒྱ་ནག་གཞུང་གིས་དམག་མི་དང་། དྲག་ཆས་ཉེན་རྟོག་པ། བཅའ་སྡོད་ལས་དོན་རུ་ཁག་ཟེར་བ་སོགས་རྒྱུན་དུ་འགྲེམས་འཇོག་བྱས་ཏེ་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ཚུན་ལ་རང་དབང་མེད་པ་སྨོས་མེད་ཐོག ཕྱི་ཟླ་ ༣ པའི་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཆེན་མོ་དང། ས་བྱི་ཞི་རྒོལ་ཆེན་མོ་བཅས་ཀྱི་དུས་ཚིགས་འཁེལ་གྱི་ཡོད་པ་མ་ཟད། དེང་སྐབས་རྒྱ་ནག་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཟེར་བ་ཚོགས་བཞིན་པ་དང་བསྟུན་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཚོས་གྲོང་ཁྱེར་དང་ས་ཁུལ་རྣམས་སུ་རྒྱལ་ཡོངས་ཚོགས་འདུ་གཉིས་དང་ཟླ་བ་གསུམ་པའི་རིང་གི་བརྟན་ལྷིང་སྲུང་སྐྱོབ་འགན་ལེན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས་པ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་ཟེར་བ་སོགས་ཀྱི་ཚོགས་འདུ་བསྐངས་ཏེ་དྲག་མཚོན་ཐོགས་པའི་དམག་མི་དང་། དྲག་ཆས་ཉེན་རྟོག་པ་སྔར་ལས་མང་བ་བཀོད་བསྒྲིགས་ཀྱིས་ཉིན་རེ་བཞིན་ཁྲོམ་གཞུང་དང་མི་མང་འདུ་འཛོམས་ཆེ་སར་རུ་བསྒྲིགས་ནས་བཤར་ཏེ་བོད་མི་རྣམས་ལ་སྡིགས་སྐུལ་སྣ་ཚོགས་བྱེད་བཞིན་ཡོད།

བོད་ཀྱི་ལོ་རྒྱུས་ཀྱི་དཔང་པོ་དང་རིག་དངོས་རྩ་ཆེན་ཁག་སྟོང་ཕྲག་མང་པོ་བཞུགས་པའི་ལྷ་ལྡན་གཙུག་ལག་ཁང་ལ་བོད་རྒྱལ་ལོ་ ༢༡༤༥ བོད་རབ་གནས་ས་ཁྱི་ལོའི་ལོ་གསར་ཚེས་ ༢ སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་མེ་སྐྱོན་ཚབས་ཆེ་བྱུང་སྐབས། རྒྱ་གཞུང་གིས་མེའི་འབྱུང་རྐྱེན་འགྲེལ་བརྗོད་ཁ་གསལ་བྱས་མེད་པ་དང་། ནམ་རྒྱུན་དགེ་འདུན་པ་ལས་མང་བའི་མེ་གསོད་དམག་མི་དང་། སྲུང་སྐྱོབ་དམག་མི་ཟེར་བ་ཕོན་ཆེ་འགྲེམས་འཇོག་བྱས་པ་དེ་ཚོས་མེ་གསོད་ཀྱི་ལས་དོན་དུས་ཐོག་གཉེར་མེད་པར་བལྟས་ན། རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་ཐབས་ཤེས་བྱེད་བཞིན་པ་ལྟར། མེ་སྐྱོན་འདི་བོད་མིའི་དད་གནས་གཙོ་བོ་ཇོ་ཁང་ལ་བསམ་བཞིན་དུ་མེ་སྐྱོན་གྱི་ངན་བྱུས་བཏིང་བའི་རྣམ་པ་རང་བཞིན་གྱིས་ཐོན་ཡོད། གཅིག་ནི་བོད་ས་ཡོངས་ནས་ཇོ་བོ་རིན་པོ་ཆེར་མཆོད་མཇལ་ཞུ་བར་ཡོང་མཁན་ཁྲི་སྟོང་མང་པོ་ཚད་བཀག་དང་ཕྱིར་ལྡོག་བྱ་རྒྱུའི་ཐབས་ངན་ཞིག་དང་། གཉིས་ནས་མེ་སྐྱོན་ལ་ཁ་གཡར་ནས་རིན་བྲལ་རིགས་དངོས་རྐུ་འཁྱེར་བྱ་རྒྱུའི་གོ་སྐབས་ལེན་པ། གསུམ་ནས་མེ་སྐྱོན་ལ་ཁ་གཡར་ནས་དགོན་སྡེའི་ལྷ་ཁང་རྣམས་ལ་དམག་མི་ཕོན་ཆེ་འགྲེམས་འཇོག་བྱེད་ཐབས་ཀྱི་བྱུས་ངན་ཞིག་དུ་མངོན།
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་། ད་བར་ཤེས་རྟོགས་ར་སྤྲོད་གསལ་པོར་བྱུང་བ་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་སྐྱ་སེར་ ༡༥༢ བྱུང་ཁོངས་ནས་མི་གྲངས་ ༡༣༠ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༤ ཡི་སྐུ་གཟུགས་གནས་སྟངས་སྐྱོན་ཅན་ཆགས་ཡོད་པ། འཕྲོས་མི་གྲངས་ ༡༨ ད་ལྟའི་ཆར་འདས་གསོན་ཇི་ཡིན་ཁ་གསལ་མེད་པ་བཅས་ཀྱི་གནས་སྟངས་ཆགས་ཡོད། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་བཅས་ལ་ཡི་རངས་དང་། ཁོང་རྣམ་པའི་དགོས་འདུན་ཁག་ལ་རྒྱ་གཞུང་གི་ད་བར་བདག་སྤྲོད་མ་བྱས་པ་དང་། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ཏེ་མི་ལོ་བཅུ་ཕྲག་དྲུག་གི་རིང་གཞིས་ལུས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་སྣ་མང་མྱངས་དང་མྱོང་བཞིན་པར་བརྟེན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་དགོས་པ་གལ་ཆེར་མཐོང་།

 

གྲོས་ཆོད།

༡། ད་བར་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་ཡི་རངས་དང་། སྐུ་གཤེགས་དམ་པ་ཁོང་རྣམས་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་གཟུང་ནས་ཁ་བ་གངས་ཅན་ཞིང་དུ་སྐྱེ་བ་དང་། ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་ཞུ་རྒྱུ།

༢། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས། ཉེ་སྔོན་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན་ཨ་མདོ་རྔ་བ་རྨེའུ་རུ་མ་རུ་ཆེན་བཞི་པའི་གནམ་མཚོ་སྡེ་པ་ནས་ཡིན་པ་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་བཅས་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་ཁྱོན་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་གྲངས་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད། ཁོང་རྣམ་པའི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་ལ་རྒྱ་གཞུང་ནས་འགན་ཁུར་བདག་སྤྲོད་དགོས་པའི་དྲན་སྐུལ་ཞུ་རྒྱུ།

༣། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་གནང་བཞིན་པ་ལྟར། རྒྱ་གཞུང་གི་འགོ་ཁྲིད་རྣམས་ནས་གཉིས་ཕན་མཉམ་གནས་གུ་ཡངས་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས། བོད་རྒྱའི་འབྲེལ་མོལ་མྱུར་དུ་འགོ་འཛུགས་གནང་དགོས་རྒྱུ།

༤། རྒྱ་གཞུང་གིས་མི་སེར་སྤེལ་བའི་སྲིད་བྱུས་བཟུང་ནས་བོད་ནང་མི་འབོར་སྤོ་བཤུག་རྒྱ་བསྐྱེད་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ། ཆོས་དད་རང་དབང་ལ་ཚད་བཀག རང་བྱུང་ཁོར་ཡུག་གཏོར་སྐྱོན། སྐད་ཡིག་སྦྱོང་སྤྱོད་ལ་ཉམས་དམས། བོད་མིའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་བཀག་སྡོམ་བྱེད་པ་སོགས་བོད་ཐོག་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཀྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་རྒྱུ།

༥། ཕྱི་ལོ་ ༢༠༠༠ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་ཁོངས་སུ་བཞག་པ་ནས་ལྷ་ལྡན་གཙུག་ལག་ཁང་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྒྱབ་གནོན་ཡོད་པ་ཞིག་ཡིན་པས། ཐེངས་འདིའི་གཙུག་ལག་ཁང་གི་མེ་སྐྱོན་གོད་ཆག་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོབ་ཐད་འབྲེལ་ཆགས་གཞུང་སྒེར་ཚོགས་སྡེ་རྣམས་ནས་གཙུག་ལག་ཁང་དུ་བཞུགས་པའི་རིག་དངོས་རྩ་ཆེན་གྲངས་ ༦༥༠༠ ལྷག་གི་གནས་སྟངས་གཙོར་བཟུང་གིས་ཞིབ་འཇུག་མཐིལ་ཕྱིན་གནང་རྒྱུར་ནན་སྐུལ་ཞུ་རྒྱུ།

༦། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་གཙོས་གཞུང་དང་། གྲོས་ཚོགས། རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པ། ཕྱོགས་ལྷུང་བྲལ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་བཅས་ནས་རང་དབང་ཅན་གྱི་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་བོད་ནང་ཆེད་གཏོང་གནང་ནས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་དང་། རྒྱ་གཞུང་གི་བཙོན་འོག་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་མྱུར་དུ་གློད་བཀྲོལ་ཡོང་ཐབས། བཙོན་གྲོལ་ཟིན་པ་དག་གི་སྐུ་གཟུགས་འཕྲོད་བསྟེན་ལ་རྒྱ་གཞུང་ནས་འགན་ལེན་དགོས་པ་དང་། བོད་མི་རྣམས་ལ་འགྲོ་བ་མི་སྤྱི་མཚུངས་ཀྱི་རང་དབང་དང་ཐོབ་ཐང་ཡོང་བར་ཤུགས་སྣོན་ཡོང་བའི་འབོད་སྐུལ་ཞུ་རྒྱུ།

༧། བོད་མི་སྐྱབས་བཅོལ་གནས་ཡུལ་འཛམ་གླིང་རྒྱལ་ཁབ་སྤྱི་དང་། ཁྱད་པར་དུ་རྒྱ་གར་དབུས་སའི་གཞུང་དང་མི་མང་རྣམས་ནས། ད་བར་ལོ་ངོ་དེ་དག་གི་རིང་བཙན་བྱོལ་བོད་མིར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རྒྱབ་སྐྱོར་བླ་མེད་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ལ།།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། །

Share with your friends










Submit