ཟླ་བ་ ༣ ཚེས ༣༡ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༣ ཚེས་ ༣༡ རེས་གཟའ་སྤེན་པ།

རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་མཆོག

 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཆེད་དུ་མགྲོན་འབོད་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་མ་ཧེ་ཤི་ཤརྨ་མཆོག་དང་། བྷི་ཇེ་པི་ཆབ་སྲིད་ཚོགས་པའི་དྲུང་ཆེ་རཱམ་མདབ་ Ram Madhav མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཤནཏཱ་ཀུ་མཱར་ Shanta Kumar མཆོག རྒྱ་གར་གྲོས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་ཐོག་ཏུ་བཙན་བྱོལ་ལ་ཐོག་མར་༸ཞབས་སོར་འཁོད་སྐབས་ཕེབས་བསུའི་སྣེ་ལེན་ཞུ་མཁན་ཨ་སམ་དམག་དཔུང་རུ་ཁག་གི་དམག་མི་ཟུར་པ་སྐུ་ཞབས་ན་རེན་ཅནྡྲ་དཱས་ Naren Chandra Das ལགས།  ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཀི་ཤན་ཀ་པུར་ Kishan Kapoor མཆོག རྒྱ་གར་གྲོས་ཚོགས་འཐུས་མི་སཏྱཱ་བྲཏ་ཅ་ཏཱུར་ཝེད་ Satyavrat Chaturvedi མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག  རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མི་མང་ ༤༠༠༠ བརྒལ་བ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཀྱི་དབུས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱི་གཞི་རྩའི་ལྟ་གྲུབ་དེ་ང་རང་ཚོས་ནམ་རྒྱུན་ནས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད། ཁ་ཙམ་ཚིག་ཙམ་མིན་པར་སེམས་གཏིང་ནས་ང་ཚོ་ཚང་མི་གཅིག་གྱུར་རེད། དེར་བརྟེན་ངོས་ཀྱི་ནམ་རྒྱུན་མཆེད་གྲོགས་ལྷན་རྒྱས་ཞེས་འབོད་བཞིན་ཡོད། བོད་ནས་བྲོས་བྱོལ་དུ་ཡོང་སྐབས་སེམས་ནང་དངངས་སྐྲག་ཡོད། ལྷ་སར་དྲག་གནོན་ཧ་ཅང་བྱས་པའི་གནས་ཚུལ་ཡོད་སྟབས་སེམས་ཞུམ། སེམས་སྐྱོ་ནས་མ་འོངས་པར་གང་འདྲ་བྱེད་ཡོང་བསམས་པའི་བློ་གཡེང་བྱས་ནས་ཡོང་བ་རེད།

དེ་ནས་རིམ་བཞིན་རྒྱ་གར་གཞུང་གིས་གཟིགས་སྐྱོང་གནང་རྒྱུའི་འདེང་སྤོབས་ཕྲན་བུ་ཐོབ་སྐབས་སེམས་ནང་སྤོབས་པ་ཞིག་རྙེད་པ་དེ་འདྲ་རེད། དེར་བརྟེན་འདིར་པར་རིས་གཉིས་པོ་དེ་མཐོང་སྐབས་སེམས་ནང་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་བ་སྐྱེས་བྱུང་། སེམས་ནང་དགའ་སྣང་བསླེབ་པའི་མཚམས་དེར་ལོ་བཞི་བཅུ་ལྔ་བཅུའི་རྗེས་སུ་གང་འདྲ་ཆགས་མིན་བསམ་བློའི་ནང་མེད། ད་ཆ་ང་ཚོ་ལོ་དྲུག་ཅུ་ཕྱིན་པའི་སྐབས་འདིར་དྲན་གསོ་བྱེད་སྐབས་སེམས་ནང་གང་ཙམ་ཚོད་ཐིག་རྒྱུ་ཞིག་ཆགས་འདུག གོང་དུ་གསུངས་པ་ལྟར་ངོས་ཀྱིས་ནམ་རྒྱུན་ཤོད་བཞིན་པ་ལྟར། འཕགས་བོད་གཉིས་དགེ་རྒན་དགེ་ཕྲུག་ནང་བཞིན་རེད། ནམ་རྒྱུན་ཁ་རྒྱུན་ལའང་འཕགས་པའི་ཡུལ། ཞེས་འབོད་བཞིན་ཡོད།

ང་ཚོས་རྒྱ་གར་ཁོ་ན་མ་གཏོགས་ཡུལ་གཞན་ལ་འཕགས་པའི་ཡུལ་ཞེས་འབོད་སྲོལ་མེད། ང་ཚོའི་སེམས་ནང་རང་བཞིན་གྱིས་རྒྱ་གར་འཕགས་པའི་ཡུལ་ཞེས་སེམས་གྱི་གཏིང་ནས་དད་མོས་བྱ་རྒྱུ། གུས་བཀུར་བྱ་རྒྱུ། དེ་འདྲའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། བོད་གངས་ཅན་གྱི་ལྗོངས་ལ་རྒྱ་གར་མཁས་པའི་རིག་གཞུང་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་རིག་གཞུང་དེ་དག་མཁན་ཆེན་ཞི་བ་འཚོ་ཆོས་རྒྱལ་གྱིས་གདན་ཞུ་གནང་བ་དང་། ཕྱིས་སུ་ཀ་མ་ལ་ཤཱི་ལའང་ཡོད།

བོད་ཀྱི་མེས་པོ་ཚོས་དངོས་ནས་དྲང་གནས་རྣམ་དཔྱོད་ལྡན་པའི་ཐོག་ནས་བརྩོན་པའི་སྟོབས་སྐྱེས་ནས་དེ་རིང་ཁ་སང་ཡོངས་གྲགས་སུ་བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་རྒྱ་གར་མཁས་པའི་གཞུང་ནས་བསྒྱུར་བ་རེད། དེའི་ནང་ལ་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་ཡོངས་གྲགས་བརྗོད་བཞིན་ཡོད། གལ་ཆེ་ཤོས་དེ་ཚད་མ་རིག་པའི་སྐོར་དེ་ཧ་ཅང་རླབས་ཆེན་པོ་རེད་འདུག མི་ལ་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཡོད། རྣམ་དཔྱོད་དེ་གོང་ནས་གོང་དུ་འཕེལ་བར་དད་པ་གཅིག་པོས་གོང་ནས་གོང་དུ་འཕེལ་ཐུབ་རྒྱུ་མེད། མིའི་རྣམ་དཔྱོད་གོང་ནས་གོང་དུ་འཕེལ་ཟེར་རྒྱུ་དེ་ཚད་མ་རིག་པའི་ཐོག་ནས་ཆོས་གང་དང་གང་ལའང་ལམ་སང་དེ་རེད། ཅེས་ཡིད་ཆེས་མ་བྱས་པར་བརྟག་དཔྱད་བྱས་ནས་འགྲོ་རྒྱུ་དེ་ཚད་མ་རིག་པའི་འགྲོ་སྟངས་རེད། བཅོམ་ལྡན་འདས་རང་ཉིད་ནས་ཀྱང་དེ་ལྟར་བཀའ་གནང་ཡོད། ཆོས་ལུགས་གཞན་ལ་དེ་འདྲ་ཧ་ལམ་མེད།
ཚད་མ་རིག་པའི་གཞུང་དེ་རིང་ཁ་སང་ཡོང་ས་དེ་གཙོ་བོ་སློབ་དཔོན་ཕྱོགས་གླང་ཆོས་གྲགས་ཀྱིས་ཚད་མའི་གཞུང་བོད་ཡིག་ནང་ཡོད་པ་དག་གཙོ་བོ་ཆགས་ཡོད།

ཕྱོགས་མཚུངས་མཁན་ཆེན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ། གཞུང་དེ་དག་བོད་ཡིག་ནང་ལ་ཟེར་ནའང་གང་ལྟར་ནང་པའི་གཞུང་ནང་ཡོད་པ་ཞིག་རེད། འོན་ཀྱང་གཞུང་དེ་དག་གི་བརྗོད་བྱ་དེ་དག་མི་ཀུན་ལ་ཁྱབ་ཐུབ་པ་ཞིག་རེད། ལྷག་པར་དེ་རིང་ཁ་སང་དུས་སྐབས་འདིར་མིའི་རྣམ་དཔྱོད་ཐོག་ནས་བརྟག་དཔྱད་བྱས་ནས་འགྲོ་བའི་དུས་སྐབས་འདིར་ཚད་མ་རིག་པའི་འགྲོ་སྟངས་འདི་ཏག་ཏག་ཡོད།

དེའི་ཐོག་ལ་ནང་དོན་རིག་པའི་ནང་ནས་སེམས་ཁམས་རིག་པའི་སྐོར་དེ་ཧ་ཅང་ཞིབ་ཚགས་པོ་ཡོད། སེམས་ཁམས་རིག་པ་དེའང་དེང་སྐབས་འཛམ་གླིང་ནང་ཆོས་དད་ཡོད་མེད་དང་། སངས་རྒྱས་པའི་ཆོས་པ་ཡིན་མིན་ལ་མ་ལྟོས་པར་མི་ཀུན་ལ་ཕན་ཐོགས་ཡོད་པ་ཞིག་རེད། དེང་འཛམ་གླིང་ནང་གི་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་རེད། ཚན་རིག་པ་ཚོས་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་རེད། ཅེས་བརྗོད་བཞིན་དུ་རྙོག་གྲ་མང་པོ་ཞིག་མིས་བཟོ་བཞིན་ཡོད་པ་དེ་གང་འདྲ་བྱས་ནས་ཡོང་བ་རེད། གང་ལྟར་སེམས་ནང་རྣམ་རྟོག་ཆགས་སྡང་། རེ་དོགས་དེ་འདྲའི་རྣམ་རྟོག་རུ་འཛིངས་ནས་རྙོག་གྲ་མང་པོ་ཞིག་མིས་བཟོས་པའི་རྙོག་གྲ་རེད།

དེ་འདྲའི་དཀའ་ངལ་སེལ་རྒྱུར་སེམས་ཁམས་རིག་པའི་འགྲོ་སྟངས་གང་ཙམ་ཤེས་པ་བྱས་ནས་སེམས་དཀྲུག་མཁན་གང་འདྲ་ཡོང་མིན་དང་དེའི་རྒྱུ་དང་རྐྱེན་རྣམས་གང་ཡིན་པ། དེའི་གཉེན་པོ་བྱམས་པ་ལ་སོགས་པ་གང་འདྲ་བྱས་ནས་ཡོང་མིན་ཤེས་དགོས། ཚེ་ཕྱི་མའི་སྐད་ཆ་མ་རེད། རིག་གཞུང་དེ་དག་ང་ཚོས་བདག་པོ་བརྒྱབ་ནས་ད་ཆ་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་གནང་བའི་འབྲས་བུར་ལོ་ངོ་སྟོང་ཕྲག་རིང་གི་རྒྱ་གར་མཁས་པའི་རིག་གཞུང་དེ་དག་ང་ཚོས་བདག་པོ་བརྒྱབ་པ་དེ་དག་གིས་འཛམ་གླིང་སྤྱི་ལ་གང་ཙམ་ཕན་ཐོགས་བྱེད་ཐུབ་པའི་མཚམས་ལ་སླེབ་འདུག

ང་རང་ཚོའི་བོད་མི་རིགས་ལ་མཚོན་ནའང་སྙིང་སྟོབས་དང་ལྷག་བསམ་ཧ་ལས་པ་རེད། གཙོ་ཆེར་གཞིས་བཞུགས་རྒྱ་ཆེ་མི་མང་དེ་དག་དཀའ་སྡུག་ཧ་ཅང་མྱངས་ཡོད་ཀྱང་བོད་མི་རིགས་ཀྱི་ལར་ཞེན་དང་། སོ་སོའི་སྐད་ཡིག་དང་རིག་གཞུང་སོགས་ལ་དོ་ཁུར་ཆེན་པོ་བྱས་ནས་མེས་པོ་ཚོའི་སྐུ་དུས་ནས་རུབ་རུབ་བྱས་ནས་བསྡད་ཡོད། དེ་འདྲའི་བསམ་བློའི་ནང་གཅིག་གྱུར་གྱི་འདུ་ཤེས་དེ་རིང་ཁ་སང་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དེའང་རྐྱེན་ངན་གྲོགས་སུ་ཤར་བ་ཞིག་རེད། དེ་ཚོ་ང་ཚོས་སྤོབས་པ་བྱེད་འོས་པ་ཞིག་རེད། རྒྱ་གར་གཙོ་བོར་གྱུར་བའི་བཙན་བྱོལ་ནང་གི་བོད་མི་ཚོས་ཀྱང་རང་དོན་རང་གཅེས་ཐོག་ནས་སོ་སོ་རང་ཉིད་བོད་མི་ཞིག་ཡིན་བསམས་པའི་འདུ་ཤེས་དེ་འཛིན་ནས་བོད་མི་རིགས་ཀྱི་དོན་དང་། བོད་མིའི་སྐད་ཡིག་སོགས་ལ་དོ་སྣང་བྱ་རྒྱུ་ཡག་ཐག་ཆོད་འདུག

གཙོ་ཆེར་ང་ཚོ་བཙན་བྱོལ་རྒྱ་གར་ནང་ལ་མཚོན་ན་བཙན་བྱོལ་མི་འབོར་མང་ཤོས་ཆགས་ཡོད། ད་བར་ལོ་ངོ་དྲུག་ཅུའི་མཚམས་བར་ཡག་ཐག་ཆོད་རེད། ད་དུང་ཡིན་ནའང་ཚང་མས་ལྷོད་གཡེང་དང་ཉི་མ་གང་འཁྱོལ་བཟོ་འདྲ་མིན་པར་གཟབ་དགོས། ལེགས་པའི་ཆར་བསྟོད་བསྔགས་གཞན་གྱིས་བྱ་རྒྱུ་རེད། ང་ཚོས་རང་གི་ལས་འགན་ལ་མཐུད་ཤོར་གང་ནས་འགྲོ་བཞིན་ཡོད་པ་དང་སྐྱོན་གང་ནས་ཡོང་བཞིན་ཡོད་པ་དེ་དག་ལ་ང་ཚོ་རང་ཉིད་ཀྱིས་འགན་འཁྱེར་ནས་སྐྱོན་བསྲང་བྱ་རྒྱུ་དེ་ང་ཚོའི་འགན་རེད། དེ་རིང་འདིར་གསུང་བཤད་གནང་མཁན་ཚོས་ཁ་ནས་འདྲ་ཆགས་ཆགས་ཙམ་མིན་པར་སེམས་གཏིང་ནས་ཧ་ཅང་ཡག་པོ་གསུངས་བར་ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ།

Share with your friends










Submit