ཟླ་བ་ ༣ ཚེས ༢༠ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༣ ཚེས་ ༢༠ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བའི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་རྒྱལ་ཡོངས་མཐོ་སློབ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འབྱེད་མཛད་འདུག  དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝཱ་རཱ་ཎ་སིའི་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད།  སློབ་ཕྲུག་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་ཞུས་ཏེ་རིམ་བཞིན་གཙུག་ལག་སློབ་ཁང་དུ་༸ཞབས་སོར་འཁོད་སྐབས་དགེ་ལས་སློབ་མ་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག  བདུག་སྤོས། དེ་བཞིན་སློབ་མ་ཕོ་མོ་གཉིས་ཀྱི་བོད་ལུགས་གཟབ་མཆོར་ལེགས་པར་སྤྲས་དེ་ཕྱེ་མར་ཆང་ཕུད་འདེགས་འབུལ་ཞུས།

སྐབས་དེར་ཐོག་མར་སློབ་མ་ཁག་གཅིག་གིས་ལེགས་སྦྱར་སྐད་ཐོག་ཤིས་བརྗོད་གསུང་འདོན་དང་གཙུག་ལག་སློབ་ཁང་གི་རིགས་ཀྱི་གླུ་དབྱངས་སུ་གྱེར།  མཛད་སྒོ་དངོས་གཞིའི་ཐོག་མར་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་།  དེ་ནས་མཐོ་སློབ་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཕར་ཀན་ཀ་མཱར་ Furqan Qamar ལགས་ཀྱིས་ཉིན་གསུམ་གྱི་ལོ་འཁོར་ཚོགས་འདུ་ངོ་སྤྲོད་དང་སྦྲགས་ཐེངས་འདིར་བརྗོད་གཞི་གཙོ་བོ།  དེང་རིག་གསར་དང་ཁེ་ལས། དེ་བཞིན་ཚུལ་མིན་འཁྲུལ་ཆས་རིགས་ཡར་རྒྱས་ཧ་ཅང་འགྲོ་བཞིན་པའི་དུས་སྐབས་འདིར་གཙོ་བོ་འགྲོ་བ་མིའི་བཟང་སྤྱོད་ལ་དམིགས་ནས་ཚད་མཐོའི་ཤེས་ཡོན་ཡར་རྒྱས་ཇི་ལྟར་གཏོང་དགོས་པའི་སྐོར་ངོ་སྤྲོད་ཞུས།

དེ་རྗེས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པི་སྦི་ཤརྨ་ Prof PB Sharma མཆོག་གིས་ད་ལྟའི་སྤྱི་ཚོགས་ནང་ཤེས་ཡོན་ལམ་ལུགས་དེ་བཟང་སྤྱོད་གཞི་རྩར་བཞག་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་གསུངས།

 དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ཡོངས་མཐོ་སློབ་མཐུན་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་དབུ་འབྱེད་མཛད་རྗེས་བཀའ་སློབ་སྩལ་དོན།

 འཛམ་གླིང་ནང་འགྲོ་བ་མི་གྲངས་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མི་རིགས་གཅིག་གྱུར་རེད། དེར་བརྟེན་ངོས་ཀྱིས་གཏམ་བཤད་འགོ་འཛུགས་ནམ་བྱེད་སྐབས་སྤུན་མཆེད་ཕོ་མོ་ལྷན་རྒྱས་ཞེས་འབོད་ཀྱི་ཡོད།  དེ་ནི་ངོས་ཀྱིས་ཁ་ཞེ་གཉིས་མེད་ཐོག་ནས་ཞུ་བཞིན་ཡོད།  གང་ཡིན་བརྗོད་ན་གལ་ཏེ་ང་ཚོས་སེམས་གཏིང་ནས་འདུ་ཤེས་དེར་ཡིད་ཆེས་བློ་འགེལ་བྱས་པ་ཡིན་ན་ད་ལྟ་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་རང་བཞིན་གྱི་སེལ་ཐུབ་ངེས་ཡིན། དེང་སྐབས་འཛམ་གླིང་གོ་ལ་ཧྲིལ་པོ་འདི་ཧ་ཅང་ཐག་ཉེ་རུ་འགྲོ་བཞིན་ཡོད་པ་དང་དུས་མཚུངས་ཕན་ཚུན་གཅིག་གི་གཅིག་ལ་བརྟེན་དགོས་པའི་དུས་སྐབས་ཤིག་ཆགས་ཡོད། གོ་ལའི་དཔལ་འབྱོར་ལ་མཚོན་ན་ས་མཚམས་གང་གང་མེད། ཕྱོགས་མཚུངས་གོ་ལའི་ཁོར་ཡུག་འཁྲུག་པའི་མཇུག་འབྲས་ཀྱི་དཀའ་ངལ་འཛམ་གླིང་སྤྱི་ལ་ཐུན་མོང་དུ་འཕྲད་བཞིན་ཡོད།  ང་ཚོ་འཐུང་ཆུར་བརྟེན་ནས་འཚོ་བཞིན་ཡོད། འཐུང་ཆུ་མེད་ན་ང་ཚོ་འཚོ་ཐབས་བྲལ། འོན་ཀྱང་ད་ཆ་འཐུང་ཆུ་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད།  དེར་བརྟེན་ད་ལྟའི་དངོས་ཡོད་གནས་སྟངས་འདིའི་འོག་ནས་ང་ཚོས་བསམ་བློ་གསར་པ་ཞིག་དང་སྤྱོད་ལམ་གསར་པ་ཞིག་བསྟེན་དགོས་པ་ཆགས་ཡོད། འཚེ་བ་དང་དམག་འཁྲུག་ཟེར་བ་དེ་དག་ད་ཆ་དུས་ཚོད་ཡོལ་ཟིན་སྟབས་ངེས་པར་དུ་མཚམས་འཇོག་བྱེད་དགོས།

 རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ནང་བློའི་རྣམ་གཞག་དང་བྱེད་ལས་དེ་དག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་ཞབས་འདེགས་ཤུགས་ཆེ་སྒྲུབ་ཐུབ་པའི་ནུས་པ་ཡོད། ང་ཚོས་ཕྲུ་གུ་ཚོར་ལུས་པོའི་འཕྲོད་བསྟེན་གལ་ཆེའི་སྐོར་ལམ་སྟོན་བྱེད་པ་ལྟར་བསམ་བློའི་འཕྲོད་བསྟེན་གོ་རྟོགས་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།  རྒྱ་གར་གནའ་རབས་ལ་མཚོན་ན་ཞི་གནས་དང་ལྷག་མཐོང་ཉམས་ལེན་བྱས་པར་བརྟེན་བློའི་རྣམ་གཞག་སྐོར་ཧ་ཅང་གཏིང་ཟབ་པོ་རྟོགས་ཐུབ་ཡོད། སྤྱིར་རྣམ་གཞག་དེ་དག་ཆོས་ལུགས་ནས་གསུངས་ཡོད་ཀྱང་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་གཞག་མ་ཐུབ་པ་གང་ཡང་མེད། ལྷག་པར་ཚད་མ་དང་གཏན་ཚིགས་རིག་པའི་རྣམ་གཞག་དེ་དག་དེང་དུས་ཚན་རིག་དང་ཧ་ཅང་མཐུན་པ་ཞིག་རེད།

  ཅེས་བཀའ་སློབ་སྩལ་བ་མ་ཟད། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་གནས་ཐུབ་པ་དཔེ་མཚོན་དུ་བཀོད་ནས་འཛམ་གླིང་གཞན་གྱིས་རྒྱ་གར་མིག་དཔེར་བཟུང་ནས་ཆོས་ལུགས་མཐུན་འབྲེལ་དགོས་གལ་ཆེ་སྐོར་དང་། ༸གོང་ས་མཆོག་གིས་ལོ་ངོ་ ༣༠ ལྷག་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ་དང་། རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་དེང་དུས་ཚན་རིག་ནས་བཤད་པའི་སེམས་ཁམས་རིག་པ་གཉིས་བསྡུར་བ་ཡིན་ན་དེང་དུས་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་སྔོན་འགྲོའི་གནས་ཚད་ལས་མེད་སྐོར་སོགས་བཀའ་སློབ་སྩལ་རྗེས་གཙུག་ལག་སློབ་ཁང་གི་རིགས་དྲུང་སྐུ་ཞབས་ཨུ་པདྱཱ་ Dr RK Upadhyay ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་རྒྱ་གར་རྒྱལ་གླུ་ཕུལ་བ་དང་བསྟུན་རེ་ཞིག་མཛད་སྒོ་རྒྱལ་ཁའི་ངང་གྲོལ་མཚམས།  དུས་འཁོར་ལྷ་ཁང་གི་མདུན་དུ་སྐུ་པར་ལྷན་སྒྲོན་མཛད།  ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཚོགས་འདུ་དངོས་གཞིའི་ཐོག་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།

 

Share with your friends










Submit