ཟླ་བ་ ༣ ཚེས ༢ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢ རེས་གཟའ་པ་སངས།

༄༅། །བོད་ཟླ་དང་པོ་ཚེས་བཅོ་ལྔའི་ཉིན་གཉན་ཡོད་དུ་མཉམ་མེད་ཤཱ་ཀྱའི་རྒྱལ་པོས་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་ཆོ་འཕྲུལ་གྱི་སྒོ་ནས་ཕམ་པར་མཛད་པའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་ཞུ་སླད་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱིས་ཆོ་འཕྲུལ་དུས་ཆེན་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་ཕོ་བྲང་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་མཚམས་དགེ་འདུན་དམངས་ཀྱིས་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་འབྲེལ་ཆོས་རིག་བཀའ་བློན་མཆོག་གིས་རྟེན་གསུམ་འདེགས་འབུལ་ཞུས།

དེ་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད། རྡ་ས་ཁུལ་གྱི་གྲྭ་བཙུན་སྔགས་གསུམ། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་དོན། དེ་རིང་ཆོ་འཕྲུལ་ཟླ་བའི་སྨོན་ལམ་ཚོགས་སྲོལ་ཡོད། ལྷ་སར་ཆོ་འཕྲུལ་སྨོན་ལམ་དབུ་བཙུགས་ནས་ཕལ་ཆེར་ལོ་ ༦༠༠ ཕྱིན་མིན་ནམ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་གང་ལྟར་སྟོན་པ་བཀའ་དྲིན་ཅན་གྱིས་རྒྱ་གར་ནང་ཟླ་བ་འདིའི་སྐབས་སུ་མུ་སྟེགས་པ་དང་བགྲོ་གླེང་གནང་བའི་ཐོག་ནས་རྫུ་འཕྲུལ་དེ་འདྲ་ཡང་བྱུང་བའི་རྗེས་དྲན་བྱས་ནས་ཆོ་འཕྲུལ་ཟླ་བར་སྨོན་ལམ་ཚོགས་རྒྱུ་དེ་ལྟར་ཡིན་པ་རེད།


ལྷ་དང་གནོད་སྦྱིན། མི་མ་ཡིན། མདོར་ན་འབྱུང་པོ་ནག་པོའི་ཕྱོགས་དང་བཅས་པ་དེ་དག་ཚང་མ་གང་ལྟར་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་ཡོང་རྒྱུའི་རྩ་བ་སེམས་ལ་ཐུག་ཡོད། སྲིད་པ་འཁོར་བ་ལས་ཐར་ནས་ཐར་པའི་གོ་འཕང་ཐོབ་ཟེར་རྒྱུ་འདི་དུས་ཚོད་གང་ཙམ་བགོར་རྒྱུ་ཞིག་རེད། ལས་སླ་པོ་མེད། སྔོན་ལ་ཉེན་རེའི་བསམ་བློ་གཏོང་སྟངས་ཐོག་ནས་སེམས་ཞི་བདེ་སྒྲུབ་རྒྱུའི་ཐབས་ཤེས་ཡོད་པ་རེད། ཆོས་ཁས་ལེན་མཁན་དང་མི་ལེན་མཁན་ཡིན་ནའང་རེད། གང་ལྟར་སེམས་ཀྱི་བདེ་སྐྱིད་ཚང་མས་འདོད་ཀྱི་ཡོད། དུས་འགྲོ་ཡིན་ནའང་ཉེན་ཁ་མེད་པ་ཡིན་ན། ལྷོད་ལྷོད་ངང་སྡོད་ཀྱི་འདུག དུད་འགྲོ་ཚོ་ཡིན་ནའང་འདི་ལ་དགའ་བ་བྱེད་ཀྱི་རེད། ཉེན་ཁ་ཡོད་སར་གཡོལ་གྱི་འདུག དེར་བརྟེན་སེམས་ནང་གི་འཇིགས་སྣང་དང་། ཁོང་ཁྲོ། དོགས་པ་དེ་ཚོའི་གྲས་ཀྱིས་མ་སྐྱིད་པ་བཟོ་གི་ཡོད། གང་ལྟར་མ་སྐྱིད་པ་བཟོ་མཁན་ནི་སོ་སོའི་སེམས་རྒྱུད་མ་དུལ་བའི་དབང་གིས་སེམས་མ་སྐྱིད་པ་བཟོ་གི་ཡོད་པ་རེད། སེམས་མ་སྐྱིད་པ་བཟོ་མཁན་དེ་ལ་ཉོན་མོངས་ཞེས་མིང་བཏགས་ཀྱི་ཡོད། ལོ་སྟོང་ཕྲག་གསུམ་ལྷག་གི་སྔོན་ལ་རྒྱ་གར་གྱིས་བདེ་བ་ཟེར་མཁན་དེ་སེམས་ཀྱི་ཞི་བདེར་གཙོ་བོར་བརྩིས་ནས་ཕྱི་དངོས་པོ་ཡར་རྒྱས་སྒོ་ལྔའི་ཤེས་པ་ལ་གནས་སྐབས་ཡིད་ཚིམ་པ་ཡོང་རྒྱུ་གཅིག་པུར་མི་བལྟས་པར་སེམས་རྒྱུད་ཞི་བདེ་ལ་བསམ་བློ་བཏང་ནས་སེམས་རྒྱུད་ཀྱི་ཞི་བདེ་དཀྲུག་མཁན་གྱི་བློའི་རིགས་དེ་ལ་ཉོན་མོངས་ཞེས་མིང་བཏགས་ནས་མུ་སྟེགས་པ་ཚོ་ཡིན་ནའང་ཉོན་མོངས་ལ་དབྱེ་ན་ཕྲ་རགས་མང་པོ་ཡོད། ནང་པའི་གྲུབ་མཐའ་སྨྲ་བ་གོང་འོག་གིས་ཉོན་མོངས་འཇོག་སྟངས་ལ་ཁྱད་པར་ཡོད།


རྩ་བ་སེམས་རྒྱུད་དཀྲུག་མཁན་གྱི་བློ་ཞིག་ལ་བློ་གང་འདྲ་ཞིག་སྐྱེས་པ་ཡིན་ནའང་ཉོན་མོངས་པ་བྱས་པའམ་མ་སྐྱིད་པ་བྱེད་མཁན། མ་རུང་བ་བྱེད་མཁན་དེ་འདྲ་ཞིག་ལ་ཉོན་མོངས་ཟེར་གྱི་འདུག སངས་རྒྱས་ཀྱི་གསུང་འདི་ཉོན་མོངས་པའི་ཉེས་ཀུན་སེལ་བ་བྱེད་པ་ཡིན་པས། ཉོན་མོངས་པའི་ཉེས་པ་སེལ་བར་བྱེད་རྒྱུ། ཉོན་མོངས་པའི་ཉེས་པ་སེལ་བར་བྱེད་སྟངས་ནི། རང་རྒྱུད་ཀྱི་ཉོན་མོངས་མི་འོང་བར་བཅོམ་ལྡན་འདས་ཀྱི་སྦྱིན་རླབས་གནང་རོགས་གནང་། ཞེས་ཟེར་རྒྱུ་མེད། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་ང་ཚོའི་སྡུག་བསྔལ་འདི་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེལ་ཐུབ་ཐབས་མེད། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་འདི་བཅོམ་ལྡན་འདས་ཀྱིས་སྦྱིན་རབས་གནང་བ་འཁྲུ་ཡི་ཆུས་འཁྲུད་རྒྱུ་མེད། ཡང་བཅོམ་ལྡན་འདས་ཀྱིས་ཐུགས་རྒྱུད་ལ་ཡོད་པའི་སྤངས་རྟོགས་ཀྱི་ཡོད་ཏན་འདི་ང་ཚོ་ལ་མར་སྦྱིན་རྒྱུ་ཡོད་མ་རེད།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། འོ་ན་སངས་རྒྱས་རྣམས་ཀྱི་གཞན་དོན་ཇི་ལྟར་མཛད་ཀྱི་ཡོད་པ་རེད་ཅེ་ན། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། གང་ལྟར་ང་ཚོར་སྡུག་བསྔལ་ཡོང་རྒྱུ་ནི་སེམས་མ་དུལ་བའི་དབང་གིས་ཡོང་གི་ཡོད་པ་རེད། སེམས་མ་དུལ་བ་ཟེར་རྒྱུ་འདི་ཡར་གཏུག་ཡོང་དུས་རྒྱུ་མཚན་ལྟར་སྣང་ཞིག་ལ་བརྟེན་ནས་མིག་འགྱངས་ཐུང་ངུར་སྐབས་མཚམས་བློ་གུ་དོག་པོའི་ཐོག་ནས་ཆགས་སྡང་སྐྱེ་སའི་ཡུལ་དེ་དག་བདེན་པ་ཞིག་ལ་བརྟེན་ནས་ཡིད་དུ་འོང་བ་ལ་ཞེན་གྱི་ཆགས། ཇི་ཙམ་ཞེན་ཆགས་ཡོད་པ་ཚོད་ཀྱིས་དེའི་འགལ་ཟླ་མི་མཐུན་ཕྱོགས་ལ་མ་སྐྱིད་པ་དང་། ཁོང་ཁྲོ། ཐེ་ཚོམ་ཡོང་རྒྱུ་ཆོས་ཉིད་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྐྱེས་རབས་སོ་བཞིའི་བཀའ་ཆོས་དབུ་འཛུགས་མཛད།

ཆུ་ཚོད་༩།༣༠ཙམ་ལ་སྐྱེས་རབས་ཀྱི་གསུང་ཆོས་གནང་མཚམས་བཞག་སྟེ་བཀའ་སློབ་སྩལ་དོན། སྐྱེས་རབས་ནམ་རྒྱུན་འཆར་ཅན་གསུངས་ཀྱི་ཡོད་པ་རེད། ས་བཅད་མ་སྟོང་ཙམ་ཞིག་བྱས་པ་དེ་ཡིན། དེ་རིང་འདིར་ངོས་ཀྱིས་རྟེན་འབྲེལ་བསྟོད་པ་འདོན་འདོད་བྱུང་། རྟེན་འབྲེལ་བསྟོད་པའི་བཤད་ལུང་གི་རྒྱུན་སྤྱིར་བཏང་དཀོན་པོ་རེད། ངོས་ཀྱིས་ཁུ་ནུ་བླ་མ་རིན་པོ་ཆེ་དགེ་བཤེས་རིག་འཛིན་བསྟན་པའི་སྐུ་མདུན་ནས་ཞུས་པ་ཡིན། དགེ་བཤེས་རིག་འཛིན་བསྟན་པས་ཁང་གསར་རྡོ་རྗེ་འཆང་གི་སྐུ་མདུན་ནས་གསན་འདུག འདི་ཧ་ཅང་དཀོན་པོ་ཞིག་རེད། རྟེན་འབྲེལ་བསྟོད་པ་ཞུ་རྒྱུ་ཡིན། ཞེས་རྟེན་འབྲེལ་བསྟོད་པའི་བཤད་ལུང་དབུ་འཛུགས་གནང་བ་དང་། བཤད་ལུང་དང་འབྲེལ་བཀའ་སློབ་སྩལ་དོན།   ང་ཚོ་བོད་ཆོལ་ཁ་གསུམ་ལ་དངོས་གནས་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་སོང་ངམ། སྔར་ཆོས་རྒྱལ་ཚོའི་སྐབས་ལ་བོད་གོང་བུ་གཅིག་གྱུར་ཡོད་པའི་ཆ་ནས་གཞན་དང་མི་འདྲ་བའི་སྟོབས་ཤུགས་ཡོད་བསྡད་པ་རེད། བོད་སིལ་བུར་ཆགས་ནས་བོད་ཀྱི་ནུས་པ་ཧ་ཅང་ཉམས་པ་རེད། དེའི་སྐོར་རྒྱ་ཡིག་ནང་ནས་ཀྱང་ཐོན་ཡོང་གི་འདུག ང་ཚོའི་བོད་ཡིག་ནང་གཅིག་པོ་མ་རེད། རྒྱ་ཡིག་ནང་ལོ་རྒྱུས་མཁས་པ་ཚོས་དེ་འདྲ་བཤད་ཀྱི་འདུག དེར་བརྟེན་དུས་ད་ལྟ་ང་ཚོ་རྐྱེན་ངན་གྲོགས་ལ་ཤར་ནས། དེ་སྔ་ཡིན་ན་ང་རང་ཚོ་ཁམས་པ་དང་བོད་པ་ཟེར་བ་ལྟ་བུ་དང་། ཨ་མདོ་དང་བོད་པ་ཟེར་བ་ལྟ་བུ། ཨ་མདོ་དང་ཁམས་པ་ཟེར་བ་ལྟ་བུ་མིག་རྒྱང་ཐུང་ཐུང་བྱས་ནས་གཅིག་གིས་གཅིག་བར་ཐག་རིང་པོར་བསྡད་པ་རེད། ད་ང་ཚོ་རྐྱེན་ངན་གྲོགས་ལ་ཤར་ནས་བོད་ཆོལ་ཁ་གསུམ་གྱི་མདོ་སྟོད་སྨད་ཀྱི་མི། དབུས་གཙང་། སྟོད་མངའ་རིས་དང་བཅས་པའི་བོད་རིགས་ཡོངས་རྫོགས་ལ་གཅིག་གྱུར་གྱི་འདུ་ཤེས་ཧ་ཅང་ཤུགས་ཆེན་པོ་བསླེབས་འདུག འདི་ང་ཚོར་ཧ་ཅང་གལ་ཆེན་པོ་རེད། ང་རང་ཚོ་ཚང་མར་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ཟེར་བ་འདི་ང་ཚོར་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ན་ཡང་། ཆོལ་ཁ་གསུམ་སྐྱིད་གཅིག་སྡུག་གཅིག་བྱས་ནས་དད་པ་དམ་ཚིག་གཡོ་བ་མེད་པ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

དེ་བཞིན་དུ་ཆོས་བརྒྱུད་ཁག བོད་གངས་ཅན་གྱི་ལྗོངས་དང་རྒྱ་གར་ལ་ཡིན་ནའང་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པ་ལིའི་ཆོས་བརྒྱུད་ཡོད་པ་རེད། སྔར་རྒྱ་གར་ལ་ཡིན་ནའང་སྐབས་རེར་སྡེ་བ་བཅོ་བརྒྱད་ཀྱི་རྩོད་པ་ལྟ་བུ་བྱུང་ནས་སྡེ་བ་བཅོ་བརྒྱད་ཆགས་པ་ལྟ་བུ་ཡོད་པ་རེད། ང་ཚོ་བོད་ལ་ཡིན་ནའང་སྔ་འགྱུར་རྙིང་མ། དེ་ནས་གསར་མ་ལ་ས་སྐྱ་བཀའ་བརྒྱུད། བཀའ་གདམས། དེ་ནས་བཀའ་གདམས་གསར་མ་དང་ཇོ་ནང་དང་བཅས་ང་ཚོ་བོད་གངས་ཅན་ལྗོངས་ལ་མེས་པོའི་ཆོས་ལུགས་དེ་བོན་པོ་རེད། དེ་དག་ལ་ཕྲན་བུ་ཕྲན་བུ་ཐ་སྙད་སྦྱོར་སྟངས་མི་འདྲ་བ་ཡོད་པའི་ཆ་ནས་སྐབས་རེར་ཆོས་མ་ཤེས་པར་ཞེན་ཁོག་བྱེད་པ་ཤེས་ནས་ང་ཚོ་དགེ་ལུགས་པ་དང་ང་ཚོ་རྙིང་མ། ང་ཚོ་ས་སྐྱ་ཞེས་ཞེན་ཁོག་བྱེད་པ་དང་། ངོ་ཐོག་གི་ཆོས་དེ་མ་ཤེས་པར་ཆགས་སྡང་གི་ཞབས་འདེགས་སྒྲུབ་པ་ལྟ་བུ་ཞིག་རེད།

ཡུལ་ལུང་གི་ཆ་ནས་བོད་ཆོལ་ཁ་གསུམ་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཆོས་བརྒྱུད་ཀྱི་ཆ་ནས་ས་དགེ་བཀའ་རྙིང་བོན་ཇོ་ནང་དང་བཅས་པ་ཚང་མ་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་ལ་བར་སྐབས་ཡག་ཐག་ཆོད་ཟེར་དགོས་པ་རེད། གཙོ་ཆེ་ཤོས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོ་དུས་དུས་ལ་མཇལ་ནས་ནང་ཚགས་ཆགས་འགྲོ་བཞིན་ཡོད་པ་རེད། དེ་བཞིན་སློབ་གཉེར་རྒྱག་མཁན་ཚོའི་འབྲེལ་བ་ཡང་དེ་སྔ་བོད་ལ་ཡིན་ན་ཁ་བྲལ་ནས་སྡོད་ཀྱི་ཡོད་པ་རེད། རྒྱ་གར་ལ་དུས་དང་དུས་སུ་འབྲེལ་བ་ཐག་ཉེ་རུ་སོང་ནས་ཧ་ཅང་ཕན་ཡོད་པ་རེད། དེ་བོད་ནང་ལ་ཡིན་ནའང་ཤུགས་རྐྱེན་ཐེབས་ཀྱི་འདུག་ལ། བོད་ནང་གི་རྒྱ་ཆེའི་མི་མང་ཚོས་ཀྱང་ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། ཆོས་ལུགས་ཁག་སྟོན་པ་གཅིག་གི་རྗེས་འབྲང་ཡིན་པའི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཚང་མ་ཐུགས་མཐུན་ཁྲིམས་གཙང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། མཁྱེན་སོང་ངམ། ཞེས་སོགས་བཀའ་སློབ་སྩལ།།

Share with your friends










Submit