ཟླ་བ་ ༢ ཚེས ༢༠ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༢ ཚེས་ ༡༨ རེས་གཟའ་ཉི་མ།

༄༅། །ཉེ་ལམ་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་སའི་ཇོ་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནིའི་བཞུགས་གནས་ལྷ་ཁང་ལ་མེ་སྐྱོན་ཤོར་བ་དང་། མེ་སྐྱོན་ཚབས་ཆེ་བྱུང་བའི་པར་དང་བརྙན་འཕྲིན་སོགས་ཀྱང་དྲ་ལམ་ཁག་ཏུ་དྲིལ་བསྒྲགས་འགྲོ་བཞིན་པར་བརྟེན།  བོད་མིས་གཙོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དད་གུས་ཡོད་མཁན་རྣམས་ཀྱི་སེམས་ནང་དངངས་སྐྲག་དང་ཞེད་སྣང་ཧ་ཅང་འབྱུང་གཞིར་གྱུར།  དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཆོས་རིག་བཀའ་བློན་མཆོག་བཅས་ནས་བོད་མི་མང་ཚོགས་རྣམས་ལ་གསལ་བཤད་གནང་འདུག 

དེ་ཡང་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༦། ༤༠ ཙམ་ལ་མེ་སྐྱོན་ཤོར་ཡོད་གནད་དོན་དེའི་ཐོག་ད་ལྟ་ཉི་ཧོང་ཡུལ་དུ་ཉིན་གྲངས་དྲུག་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན།  ད་ལྟའི་ཆར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཡུམ་དྲག་མོའི་ལྷ་ཁང་དང་། སྲོང་བཙན་ལྷ་ཁང་། མ་ཎི་ལྷ་ཁང་། གནམ་སྲས་ལྷ་ཁང་བཅས་ལ་མེ་སྐྱེན་ཚབས་ཆེ་བྱུང་ཡོད་འདུག ལྷ་ཁང་འདི་དག་ལ་རིག་གནས་གསར་རྗེས་སྐབས་གནོད་སྐྱོན་ཆེན་པོ་བྱུང་མེད་ནའང་ད་རེས་མེ་སྐྱོན་ཚབས་ཆེ་རྐྱེན་པས་རྩ་ཆེ་བའི་སྐུ་འདྲ་ཁག་ ༡༤ ལ་ཉམས་ཆག་ཆེན་པོ་བྱུང་ཡོད་པ་དང་། ཇོ་བོའི་སྐུ་བརྙན་ལ་གནོད་སྐྱོན་ཇི་ཙམ་བྱུང་ཡོད་མེད་ད་ཆ་གནས་ཚུལ་གསལ་པོ་ཞུ་ཐུབ་ཀྱི་མི་འདུག  འོན་ཀྱང་ལོ་གསར་ལྟ་བུ་བོད་མིའི་ཐུན་མིན་སྲོལ་རྒྱུན་གྱི་དུས་སྟོན་སོགས་ལ་རོལ་སྐབས་མི་མང་ཧ་ཅང་མང་པོ་ས་གནས་གཅིག་ཏུ་འདུ་འཛོམས་བྱུང་ནས་མཆོད་མཇལ་དང་སྤྲོ་སྐྱིད་སོགས་གཏོང་སྲོལ་ཡོད་སྟབས། ཚང་མས་ངེས་པར་དུ་གཟབ་གྲུང་དགོས་པའི་དྲན་སྐུལ་གནང་འདུག

 

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན།  ལྷ་སའི་བར་སྐོར་ཁྲོམ་གཟིགས་ཁང་ཁ་སང་མེ་སྐྱོན་གྱི་དོན་རྐྱེན་བྱུང་རྗེས་ཁྱུག་ཙམ་རིང་སྒོ་བརྒྱབ་ཡོད་ཀྱང་དེ་རིང་སླར་ཡང་སྒོ་ཕྱེ་ནས་རྒྱུན་ལྡན་ལྟར་གནས་ཚུལ་ལྷིང་འཇགས་ཡིན་པ་བཀོད་འདུག 

དེ་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ལྷ་སའི་ཇོ་ཁང་གི་རྟེན་གཙོ་ཇོ་བོ་ཤཱ་ཀྱ་མུ་ནིའི་བཞུགས་གནས་ལྷ་ཁང་ལྟ་བུ་བོད་མི་རྣམས་ཀྱིས་ཧ་ཅང་གཙིགས་ཆེར་འཛིན་བཞིན་པའི་གནས་ཁྱད་པར་ཅན་གྱིས་མཚོན་དད་ལྡན་སེར་སྐྱ་མང་ཚོགས་ཧ་ཅང་ཕོན་ཆེ་འདུ་འཛོམས་བྱ་ཡུལ་གྱི་ས་གནས་ཕྱི་ནང་གང་སར་མེའི་འཇིགས་པ་སྔོན་འགོག་ཙམ་མ་ཟད། ཅི་སྟེ་མེ་སྐྱོན་བྱུང་ཡང་འཕྲལ་མར་མྱུར་སྐྱོབ་ལས་གཞི་སྤེལ་ཆེད་འབྲེལ་ཡོད་ནས་ངེས་པར་དུ་འགན་ཁུར་རྐང་ལེན་ཞུ་དགོས།  མེ་སྐྱོན་ཤོར་བ་དེའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་རིམ་བཞིན་གསལ་པོ་ཆགས་རྒྱུ་རེད། ཅེས་གསུངས། 

སྤྱིར་ལྷ་སའི་ཇོ་ཁང་གི་རྟེན་གཙོ་ཇོ་བོ་ཤཱ་ཀྱ་མུ་ནིའི་བཞུགས་གནས་ལྷ་ཁང་ལྟ་བུར་མཚོན་ན་ལོ་ངོ་ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་གནས་ཧ་ཅང་རྩ་ཆེ་ཞིག་ཡིན་ཞིང་། གནས་དེའི་ནང་རྟེན་ལ་མཚོན་ན་རྟེན་གཙོ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་ན་ ༡༢ ལོན་པ་ཇོ་བོ་ཤཱཀྱ་མུ་ནི་ཞེས་བོད་མི་རྣམས་ཀྱིས་དད་གུས་ཧ་ཅང་ཞུ་ཡུལ་ཞིག་ཡིན། །  

Share with your friends










Submit