ཟླ་བ་ ༢ ཚེས ༦ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༢ ཚེས་ ༦ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ལོ་འདི་ནི་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་རྒྱ་གར་གཞུང་མང་གཉིས་ནས་ལོ་ངོ་དེའི་རིང་བོད་མི་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་རྒྱུ་ཡིན་སྟབས། ལས་འགུལ་ཇི་ལྟར་བང་སྒྲིག་པའི་སྐོར་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་རྣམ་གཉིས་ལ་ཕྱི་དྲིལ་སྒྲ་བརྙན་ཚན་པའི་གསར་འགོད་པས་བཅར་འདྲི་ཞུས་པ་ཁག་གཤམ་གསལ།

གསར་འགོད་པས། ཕྱི་ལོ་ ༢༠༡༨ འདི་བཞིན་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་བཞིན། ལས་གཞི་འདི་གོ་སྒྲིག་གང་འདྲ་ཞུ་རྒྱུ་ཡིན་པ་རེད། དེ་བཞིན་ལས་གཞི་འདི་ལག་བསྟར་ཞུ་ཆེད་ཚོགས་ཆུང་ཆ་བགོས་གང་འདྲ་གནང་ཡོད་དམ། 

དྭགས་པོ་བསོད་ནམས་ནོར་བུ་ལགས།

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ནས་ལོ་ ༦༠ འཁོར་གྱི་ཡོད་པ་དང་སྟབས་བསྟུན། རྒྱ་གར་གྱིས་གཙོས་པའི་བོད་མིའི་གནས་སྡོད་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་འཆར་ཡོད། ལས་འགུལ་སྤེལ་སླད་ཚོགས་ཆུང་གཉིས་ཡོད་པའི་ནང་ནས་ཆེས་མཐོའི་ཚོགས་ཆུང་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དེ་སྔའི་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག  ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག ཕྱི་དྲིལ་དྲུང་ཆེ་གཉིས་བཅས་ཡོད། དེ་བཞིན་གོ་སྒྲིག་ཚོགས་ཆུང་ནང་ཕྱི་དྲིལ་དྲུང་ཆེ་གཉིས་དང་། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ལྡི་ལི་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས། ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་དང་། འཆི་མེད་ཚེ་དབྱངས་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚན་པའི་འབྲེལ་ཡོད་ལས་བྱེད་བསོད་ནམས་བཟང་མོ་ལགས། ལྡི་ལི་འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་ཀརྨ་དར་རྒྱས་ལགས་བཅས་ཡོད། ཟླ་ཤས་གོང་ནས་ཆེས་མཐོའི་ཚོགས་ཆུང་དང་གོ་སྒྲིག་ཚོགས་ཆུང་བཅས་བསྐོ་གཞག་གནང་སྟེ་ལས་དོན་མང་དག་ཅིག་གོ་སྒྲིག་དང་འཆར་གཞི་སྒྲིག་རྒྱུ་སོགས་གནང་བཞིན་ཡོད།

གསར་འགོད་པས། གོང་དུ་ཞུས་པ་བཞིན་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༣༡ ཉིན་༧གོང་ས་མཆོག་གིས་དབུས་བོད་མི་མང་དག་ཅིག་བཙན་བྱོལ་དུ་འབྱོར་ནས་ཕྱི་ལོ་ ༢༠༡༨ ལོར་ལོ་དྲུག་བཅུ་འཁོར་གྱི་ཡོད་པར་བརྟེན་ད་ལན་བོད་མི་གནས་སྡོད་བྱ་ཡུལ་རྒྱ་གར་གཙོས་པའི་རྒྱལ་སྤྱི་ཁྱོན་ཡོངས་ལ་ས་གནས་སོ་སོར་ཐུགས་རྗེ་ཆེ་ཞུ་བའི་ལས་འགུལ་སྣ་མང་ཞིག་སྤེལ་རྒྱུ་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་ལྟར་ཐུགས་རྗེ་ཆེ་ཞུ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གཙོ་བོ་གང་རེད།

ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཁྲི་ཕྲག་བརྒལ་བ་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་སླེབས་ནས་ལོ་ ༦༠ འཁོར་ལ་ཉེ་བའི་སྐབས་འདི་དུས་ཚོད་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རིགས། བོད་མིའི་ཐབས་རྩོད། དེ་བཞིན་བོད་མིའི་སྒྲིག་འཛུགས་བཅས་ལ་རྒྱ་གར་གཞུང་མང་གཉིས་ནི་བསམ་ཡུལ་ལས་འདས་པ་དང་བརྗོད་པར་དཀའ་བའི་བཀའ་དྲིན་ཆེན་པོ་ཡིན་སྟབས། བཀའ་དྲིན་རྗེས་དྲན་དང་ཆུ་ལན་ཇ་མཇལ་གྱི་དཔེ་ལྟར་བྱེད་དགོས་རྒྱུ་ནི་འཇིག་རྟེན་ལུགས་བཟང་ཞིག་ཡིན།  རྒྱ་གར་འཕགས་པའི་ཡུལ་དང་བོད་དབར་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གང་ས་ཅི་ཐད་ནས་འབྲེལ་བ་དམ་ཟབ་ཡོད་པ་འདི་རྨང་གཞིར་བཞག་པའི་ཐོག་ད་བར་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་བཀའ་དྲིན་བསྐྱངས་པ་དེར་མངོན་གསལ་དོད་པོས་ཐུགས་རྗེ་ཆེ་ཞུ་རྒྱུའི་དུས་ལ་བབ་འདུག

 ལོ་བཅུ་སྔོན་ཏེ་ཕྱི་ལོ་ ༢༠༠༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ལོ་ ༥༠ འཁོར་བའི་དུས་ཚོད་སྐབས་ལའང་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། དེ་ནས་ལོ་བཅུའི་རྗེས་ལོ་ ༦༠ འཁོར་བཞིན་ཡོད་སྟབས་སླར་ཡང་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་མ་བརྗེད་པ་བྱས་ནས།  ང་ཚོ་འཚོ་གནས་ཐུབ་པའི་རྨང་གཞི་ལྟ་བུ་རྒྱ་གར་གཞུང་མང་གིས་བསྐྲུན་ཡོད་སྟབས། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འཆར་འདི་ལྟར་གོ་སྒྲིག་ཞུ་རྒྱུ་རེད།

གསར་འགོད་པས། ཐུགས་རྗེ་ཆེ་ཞུའི་ལས་འགུལ་གཞི་རྒྱ་ཆེ་བའི་མཚོན་རྟགས་སུ་རིན་ཆེན་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་ཞིག་བཞེངས་གནང་འདུག དེར་དམིགས་བསལ་མཚོན་དོན་གང་ཡིན་ནམ། 

དྭགས་པོ་བསོད་ནམས་ནོར་བུ་ལགས།

རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཚོན་དོན་ནང་། བོད་མིའི་སྒྲིག་འཛུགས་ནས་རྒྱུ་རིན་ཆེན་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་ཞིག་འབུལ་རྒྱུ་རེད། ཆོས་ཀྱི་འཁོར་ལོའི་མཚོན་དོན་ནི། རྒྱ་གར་གནའ་རབས་ཀྱི་ཆོས་ལུགས། ནང་པ་སངས་རྒྱས་པ་དང་། ཧིན་དུ། གཅེར་བུ་བ་བཅས་ཚང་མས་བེད་སྤྱོད་གཏོང་བཞིན་པའི་འཁོར་ལོ་འདི་ཆོས་ཀྱི་འཁོར་ལོ་ཆགས་ཀྱི་ཡོད་པར་བརྟེན། ཆོས་ཀྱི་འཁོར་ལོ་འདི་ཀུན་ཁྱབ་བདེན་པ་མཚོན་གྱི་ཡོད་པ་མ་ཟད། ཞི་བདེ་ལྷིང་འཇགས་དང་། ཡར་རྒྱས་གོང་འཕེལ་ཡོང་རྒྱུ་སོགས་པ་མང་པོ་ཞིག་མཚོན་གྱི་ཡོད། གཉིས་པ་ནི། འཁོར་ལོ་རྩིབས་བརྒྱད་ཡོད་པ་འདིའི་གང་མཚོན་གྱི་ཡོད་རེད་ཅེ་ན། འཛམ་གླིང་ནང་ཆིག་སྒྲིལ་དང་མཐུན་འབྲེལ་ཡོང་རྒྱུ་མཚོན་གྱི་ཡོད།

དཔེར་ན། རྒྱ་གར་ནང་དམིགས་བསལ་གང་མཚོན་གྱི་ཡོད། བརྗོད་པ་ཡིན་ན། གོང་དུ་ཞུས་པ་བཞིན་རྒྱ་གར་གྱི་གནའ་སྔ་མོའི་རིག་གཞུང་ནང་འཁོར་ལོ་ཧ་ཅང་གལ་ཆེན་པོ་བརྩིས་ཀྱི་ཡོད། ང་རང་ཚོ་ཡིན་ནའང་འཁོར་ལོ་འདི་རྒྱ་གར་ནང་ཞི་བདེ་ལྷིང་འཇགས་དང་བདེ་སྐྱིད། ཡར་རྒྱས་གོང་འཕེལ། འཛུགས་སྐྲུན་ཡར་རྒྱས་ཡོང་རྒྱུ་ལ་སོགས་པའི་མཚོན་དོན་མང་པོ་ཞིག་ཡོད།

གསར་འགོད་པས། རྒྱ་གར་ནང་དུ་ལས་རིམ་གཞི་རྒྱ་ཆེན་པོ་ཞིག་གནང་འཆར་ཡོད་པ་མ་ཟད། ༧གོང་ས་མཆོག་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག རྒྱ་གར་ནང་གི་ལས་འགུལ་སྐོར་ལ་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རོགས་གནང་། 

ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས།

ལོ་འཁོར་གཅིག་རིང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལས་འཆར་རེའུ་མིག་ནང་། ཕྱི་ལོ་ ༢༠༡༨ ལོ་འཁོར་མོར་གང་ཟག་སྒེར་དང་ཁྱིམ་ཚང་། ཚོགས་པ་ཁག སློབ་གྲྭ། དགོན་སྡེ། གཞུང་བཅས་ཚང་མས་ལས་འགུལ་སྤེལ་རྒྱུའི་ལས་འཆར་རེའུ་མིག་ཅིག་གོ་སྒྲིག་ཞུས་ཡོད།

ཕྱི་ཟླ་ ༣ ཚེས་ ༡༧ ནས་བཟུང་ཟླ་བ་གཅིག་གི་ནང་ཚུད་རྒྱ་གར་གྲོགས་པོ་གྲོགས་མོ་བསྡོམས་གྲངས་ ༦༠ ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་ཆུ་དྭངས་མ་ནས་ཞི་བའི་གོམ་བགྲོད་འགོ་འཛུགས་ཀྱིས་ཕྱི་ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་རེད། མི་གྲངས་ ༦༠ དེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་༸ཞབས་སོར་འཁོད་ནས་ལོ་ངོ་ ༦༠ འཁོར་བའི་མཚོན་རྟགས་གལ་གནད་ཅན་ཞིག་མཚོན་པའི་ཐོག་ནས་གོ་སྒྲིག་གནང་འདུག

ཕྱི་ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལྡི་ལིར་གྷན་དྷིའི་གདུང་རྟེན་བཞུགས་གནས་ Rajghat ཞེས་པ་དེར། རྒྱ་གར་ནང་གི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཁག་ལྷན་འཛོམས་ཐོག་སྨོན་ལམ་གསུང་འདོན་གནང་རྒྱུ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་འཆར་ཡོད།

ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་ཕྱི་ཟླ་ ༤ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལྡི་ལི་ཐཡཱ་གྷ་རཱཇ་ཐང་ཆེན་དུ་མང་ཚོགས་ཧ་ཅང་ཕོན་ཆེན་པོ་འཛོམས་པའི་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་མཛད་སྒོ་ཞིག་ཚོགས་རྒྱུ་རེད། དེ་ནས་ཕྱི་ཟླ་ ༤ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ India International Center དུ་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུ་རྒྱུ་རེད། དེ་རྗེས་ཕྱི་ཟླ་ ༤ ཚེས་ ༥ ནས་ ༧ བར་ཉིན་གསུམ་རིང་བོད་མིའི་ཚོང་ལས་སྡེ་ཚོགས་ Tibetan Chamber of Commerce ཀྱི་གོ་སྒྲིག་འོག་ལྡི་ལི་ཧཊ་རུ་ Delhi Haat བོད་ཀྱི་དུས་སྟོན་ཆུང་བ་ཞིག་སྲུང་བརྩི་ཞུས་ཏེ་ལྡི་ལིའི་ནང་ཉིན་གྲངས་བརྒྱད་ཀྱི་ལས་འཆར་འདི་ལྟར་རེད།

དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དང་། རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་བཅས་སུ་ལས་འཆར་ཡོད། ཕྱོགས་མཚུངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་པ་ཁག་དང་ས་གནས་འགོ་འཛིན་བཅས་ཐུན་མོང་ཐོག་ས་གནས་ཁག་ ༣༠ ཙམ་གྱི་ནང་ཐུགས་རྗེ་ཆེ་ཞུའི་དུས་སྟོན་དེ་འདྲ་སྲུང་བརྩི་ཞུ་རྒྱུའི་ལས་འཆར་བང་སྒྲིག་བཞིན་ཡོད།

མང་ཚོགས་ལ་འགྲེལ་བརྗོད་གནང་ཟིན་པའི་ཁོངས། ཕྱི་ཟླ་ ༥ ཚེས་ ༢༩ ཉིན་ཏེ་ས་ག་ཟླ་བའི་ཚེས་ ༡༥ ཉིན་ཆོས་རིག་ལས་ཁུངས་ནས་འགན་འཁུར་བཞེས་པའི་ཐོག་བོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་ནང་། ས་ཁུལ་སོ་སོར་བཅའ་བཞུགས་རྒྱ་གར་གྱི་བླ་མ་རྣམས་གདན་ཞུས་ཀྱིས། རྒྱ་གར་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་། རྒྱ་གར་མི་མང་གི་བདེ་དོན་ཆེད་དམིགས་བསལ་སྨོན་ལམ་གསུང་འདོན་གོ་སྒྲིག་ཞུ་རྒྱུ་རེད།

དེ་ནས་ཕྱི་ཟླ་ ༦ ཚེས་ ༥ རྒྱལ་སྤྱིའི་ཁོར་ཡུག་ཉིན་མོར་བོད་མི་རྣམས་ནས་ས་ཁུལ་འདྲ་མིན་ལ་གཞི་རྒྱ་ཆེ་བའི་ཤིང་སྣ་འདེབས་འཛུགས་བྱ་རྒྱུའི་ལས་རིམ་གཏན་འབེབས་གནང་ཡོད། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་རྒྱལ་སྤྱིའི་དབུགས་སྦྱོང་ Yoga ཉིན་མོར་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཤེས་རིག་ལས་ཁུངས་དང་ལྷན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་གང་མང་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་སྟོད་ཐུང་གྱོན་ཏེ་རྒྱ་གར་དབུས་གཞུང་གིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་དབུགས་སྦྱོང་ཉིན་མོ་སྲུང་བརྩི་ཞུ་རྒྱུ་རེད།

ཕྱི་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སླད། གཞུང་ལམ་དང་སྲང་ལམ་ཁག་ཏུ་སྡོད་མཁན་ཁྱིམ་མེད་ཉམ་ཐག་དང་། བཀྲེས་སྐོམ་གྱིས་མནར་བཞིན་པ་རྣམས་ལ་སྒྲིག་འཛུགས་དང་གང་ཟག་སྒེར་ངོས་ནས་ཟས་ཀྱི་སྦྱིན་པ་གཏོང་རྒྱུ་རེད།

ཕྱི་ཟླ་ ༡༠ ཚེས་ ༢ རྒྱ་གར་གཙང་སྦྲའི་ཉིན་མོ་ Swachh Bharat སྲུང་བརྩི་ཞུ་སྐབས་ནང་སྲིད་ལས་ཁུངས་དང་ཤེས་རིག འཕྲོད་བསྟེན་ལས་ཁུངས་བཅས་ཚང་མས་གང་ཐུབ་བྱེད་རྒྱུ་དང་། དེ་བཞིན་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་ཡོངས་མང་གཙོ་ཚོགས་པ། ས་གནས་ཁག་ཚང་མས་འབད་བརྩོན་ཐོག་གཙང་བཟོའི་ལས་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་ཡིན་སྟབས་ལག་ལེན་ཐོག་ནས་རྒྱ་གར་གཞུང་མང་གཉིས་ལ་རང་བཞིན་གྱི་ཐུགས་རྗེ་ཆེ་ཞུ་མཚོན་ཐུབ་རྒྱུ་རེད།

ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་སྡོད་ཁྱིམ་མེད་པའི་ཉམ་ཐག་རྣམས་ལ་དགུན་ཁའི་གྲང་ངར་གྱི་དཀའ་ངལ་ལས་སྐྱོབས་སླད་གོས་སྦྱིན་ཞེས་ཉལ་ཆས་དང་གོས་ཀྱི་སྦྱིན་པ་གཏང་རྒྱུ་རེད། སྐབས་དེ་དུས་རྒྱ་གར་གྱི་མངའ་སྡེ་ཕལ་ཆེར་ ༡༤ དང་ས་གནས་ཁག་ ༣༠ ནང་དགུང་ཚོང་གཉེར་མཁན་བོད་མི་དེ་དག་གིས་ཐུགས་འགན་བཞེས་པའི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་དག་ཚང་མ་གསར་འགྱུར་བརྒྱུད་ལམ་ཁག་ཙམ་མིན་པ་དྲ་ལམ་བརྒྱུད་མང་ཚོགས་དང་། གང་ཟག་སྒེར། སྒྲིག་འཛུགས། ཁྱིམ་ཚང་། ཚོགས་པ། རུ་ཁག་སོགས་ཚང་མས་གང་ཐུབ་གནང་བ་ཡིན་ན། ཕྱི་ལོ་ ༢༠༡༨ ལོ་འདི་མངོན་གསལ་དོད་པོ་ཐོག་ནས་རྒྱ་གར་གཞུང་མང་གཉིས་ལ་མཚོན་ནའང་དགའ་སྤོབས་སྐྱེས་པའི་ཐོག་ནས་ང་ཚོས་བཀའ་དྲིན་བསྐྱངས་པ་ནང་བཞིན་བོད་མི་ཚོས་ཚུར་དྲིན་ལན་མཇལ་གྱི་འདུག  དེར་བརྟེན་བོད་དང་བོད་དོན། བོད་པའི་འཐབ་རྩོད། བོད་མི་བཅས་ནི་ང་ཚོའི་རྒྱལ་ཁ་དང་གཟི་བརྗིད་རེད་འདུག ཅེས་བསམ་བློའི་ནང་རང་བཞིན་གྱི་ཚོར་སྣང་ཞིག་ཏན་ཏན་བསྐྲུན་ཐུབ་རྒྱུ་རེད་བསམ་གྱི་འདུག

གསར་འགོད་པས། ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པའི་ལོ་ཐོའི་ནང་མ་གསལ་བའི་བོད་མིའི་གནས་སྡོད་ས་གནས་སོ་སོར་དགོན་སྡེ་ཁག་དང་སློབ་གྲྭ དེ་བཞིན་སྨན་ཁང་ཁག་སོགས་ནས་ཀྱང་ལོ་འཁོར་མ་གཅིག་གི་རིང་ཐུགས་རྗེ་ཆེ་ཞུའི་ལས་འགུལ་མང་པོ་ཞིག་སྤེལ་འཆར་ཡོད་ས་རེད། དེ་དང་མཉམ་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་རྒྱལ་སྤྱིའི་ནང་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དེ་གང་འདྲ་སྤེལ་གྱི་རེད། དེའི་སྐོར་ངོ་སྤྲོད་གནང་རོགས། 

དྭགས་པོ་བསོད་ནམས་ནོར་བུ་ལགས།

རྩ་བའི་ང་ཚོ་ཚོགས་ཆུང་ངོས་ནས་ལས་དོན་ཁག་གཅིག་ཡོངས་ཁྱབ་གནང་དགོས་ཞེས་ཞུས་པའི་ཐོག་དཔེར་ན། ཕྱི་ལོ་ ༢༠༠༩ ལོར་ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་ ༥༠ འཁོར་བའི་སྐབས་དེར་རྒྱ་གར་ནང་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བ་རེད། ཉམས་མྱོང་དེ་གཞི་ལ་བཞག་པའི་ཐོག་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་ཁ་ཞེ་གཉིས་མེད་ཐོག་ཞུས་པའི་ཐོག་ནས་རྒྱ་གར་དབུས་དང་མངའ་སྡེ་གཞུང་། མི་དམངས། སོ་སོ་སྡོད་སའི་ས་ཁུལ་གྱི་ཡུལ་མི་ཡིན་ནའང་རེད། དེ་དག་ཚང་མར་ཁ་ཞེ་གཉིས་མེད་ཐོག་ནས་ཐུགས་རྗེ་ཆེ་ཞུ་ཐུབ་པ་ཞིག་དང་། ཁོང་ཚོའི་ངོས་ཀྱང་བོད་མི་རྣམས་རྒྱ་གར་ནང་སླེབས་པར་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་རོགས་རམ་བྱས་པ་དེ་ལ་ཧ་ལས་པའི་དགའ་ཚོར་དང་། ཐུགས་རྗེ་ལེགས་འབུལ་ཞུ་ཡི་འདུག་བསམ་པ་བྱེད་རྒྱུ་ནི་གལ་ཆེན་པོ་ཆགས་ཡོད་པར་བརྟེན། དེ་མིན་ལས་འཆར་གང་ཡོད་ཅེ་ན། དཔེར་ན། ས་གནས་འགོ་འཛིན་དང་། སློབ་གྲྭ་ཁག དགོན་སྡེ་གྲྭ་ཚང་། འཕྲོད་བསྟེན་སྨན་ཁང་། སྨན་རྩིས་ཁང་། ཚོགས་སྡེ་ཁག་བཅས་ནས་ས་གནས་ཁག་ཏུ་ལས་འགུལ་སྤེལ་ཏེ་ས་གནས་ཀྱི་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་བ། སྨན་པ། དགེ་རྒན་སོགས་ཚང་མར་ང་ཚོ་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་གང་ཞུས་ཡོད་ཅེ་ན། ང་ཚོས་ལས་འཆར་ཞིག་སྤེལ་ཡོད་པའི་ཐོག་ས་གནས་ཀྱི་གནས་བབ་ཐོག་ནས་གང་འགུལ་སྣ་མང་སྤེལ་དགོས་པ་དང་། གལ་ཏེ་ལས་འགུལ་སྤེལ་ཐུབ་པ་ཡིན་ན། ཡུལ་མི་ཚོའི་སེམས་ནང་བོད་པས་ང་ཚོར་ཁ་ཞེ་གཉིས་མེད་ཐོག་ནས་ཐུགས་རྗེ་ཆེ་ཞུ་གི་འདུག་བསམ་པ་ཞིག་བྱེད་དགོས། དཔེར་ན། སློབ་གྲྭ་ལྟ་བུར་ཆ་བཞག་པ་ཡིན་ན། སློབ་གྲྭའི་དབུ་འཛིན་དང་། དགེ་རྒན་ལས་བྱེད་མང་པོ་ཞིག་རྒྱ་གར་བ་རེད། དེ་བཞིན་སྨན་ཁང་ནང་སྨན་པ་དང་སྨན་ཞབས་པ་མང་པོ་ཞིག་རྒྱ་གར་བ་རེད། བོད་མིའི་གཞིས་ཆགས་ཁག་གི་ཉེ་འགྲམ་དུ་ཡུལ་མི་དང་གྲོང་གསེབ་ཡོད། དེ་དག་ཚང་མ་ལའང་ཐུགས་རྗེ་ཆེ་ཞུ་དགོས། གང་ལྟར་ཤེས་ཡོན་དང་འཕྲོད་བསྟེན། གཙང་བཟོ་སོགས་སྔོན་མའི་ཉམས་མྱོང་གཞི་ལ་བཞག་པའི་ཐོག་ནས་སྔར་ལྷག་བྱེད་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་དེ་དག་ཚང་མས་ངོས་ནས་བྱེད་དགོས། ཞེས་ཞུ་རྒྱུ་ཡིན། དེའི་ཐོག་ས་གནས་སོ་སོའི་ངོས་ནས་ལས་འགུལ་གང་སྤེལ་བ་ཡིན་ནའང་། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རྟགས་དང་། གནས་ཚུལ་སྤེལ་བ་ཡིན་ན། གོ་རྟོགས་ཤུགས་ཆེ་བ་ཡོང་གི་རེད། གཉིས་པ་ནི། རྒྱ་གར་གཅིག་པུ་མིན་པར། བོད་མི་གནས་སྡོད་བྱ་ཡུལ་གྱི་གཞུང་མང་གཉིས་ལ་བོད་མི་རྣམས་ནས་ཐུགས་རྗེ་ཆེ་ཞུ་དགོས། དཔེར་ན་ད་ལྟའི་ཆར་དོན་གཅོད་ཁག་ས་ཁུལ་ ༡༢ ནང་ཡོད། བོད་མི་གནས་སྡོད་བྱ་ཡུལ་ཕལ་ཆེར་རྒྱལ་ཁབ་ ༤༠ ཙམ་ཡོད།

སྐུ་ཚབ་དོན་གཅོད་ཀྱིས་སྣེ་ཁྲིད་པའི་ཐོག་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཆོས་ཚོགས་ཁག་སོགས་ནས་ས་གནས་ཀྱི་གནས་བབ་དང་བསྟུན་ནས་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྣ་མང་སྤེལ་དགོས། དཔེར་ན། ང་ཚོས་རྒྱ་གར་ནང་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བ་ནང་བཞིན། དོན་གཅོད་རྣམ་པས་སྣེ་ཁྲིད་པའི་ཐོག་ནས་ལས་འཆར་སྤེལ་གྱི་ཡོད་པ་རེད། ང་ཚོས་གང་ཞུས་ཡོད་ཅེ་ན། ས་གནས་ཀྱི་གནས་བབ་དང་བསྟུན་ནས་ལས་འཆར་བཟོས་ཏེ་གོ་སྒྲིག་ཚོགས་ཆུང་ལ་གཏང་དགོས། ཞེས་ཞུས་ཡོད་ལྟར། ཕྱི་ལོ་ ༢༠༡༨ ལོར་རྒྱལ་ཁབ་ ༤༠ ཙམ་གྱི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འཆར་སྤེལ་རྒྱུ་རེད།

རྒྱ་གར་དབུས་གཞུང་ལ་ལྡི་ལི་ཐཡཱ་གྷ་རཱཇ་ཐང་ཆེན་དུ་མཛད་སྒོ་རྒྱ་ཆེན་པོ་ཞིག་གོ་སྒྲིག་ཞུ་རྒྱུ་རེད། དེ་བཞིན་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ IIC དུ་གོ་སྒྲིག་ཞུ་རྒྱུ་རེད། དེ་ཡང་ཆོས་ཀྱི་འཁོར་ལོ་འདི་མངའ་སྡེ་སོ་སོའི་སྲིད་སྐྱོང་ Governor བརྒྱུད་མངའ་སྡེ་ཁག་ལ་འབུལ་རྒྱུའི་ལས་འཆར་ཡོད། རྒྱ་གར་དབུས་དང་མངའ་སྡེ་གཞུང་། དེ་བཞིན་བོད་མི་གནས་ཡུལ་ས་གནས་ཁག་ཚང་མར་ལས་འགུལ་སྤེལ་དགོས་ཞེས་ཞུས་ཡོད། དེར་བརྟེན་ཐུགས་རྗེ་ཆེ་ཞུའི་ལས་འགུལ་འདི་གྲ་རྒྱས་པོ་དང་། ཤུགས་ཆེན་པོ། གྲ་སྒྲིག་པོ་དགོས་པ་མ་ཟད། ལྷག་པར་གོང་དུ་ཞུས་པ་བཞིན་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་སེམས་གཏིང་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དགོས་རྒྱུ་ནི། བོད་པ་ངོས་ནས་དངོས་ཡོད་གནས་ཚུལ་ཆགས་ཡོད། རྒྱ་གར་མི་མང་ངོས་ནས་ཀྱང་བོད་པས་ཐུགས་རྗེ་ཆེ་ཞུ་གི་འདུག་སྙམ་པའི་ངེས་པ་རྙེད་པ་ཞིག་བཟོ་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།

གསར་འགོད་པས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་ལ་ཐུགས་ཁུར་ཆེ་བཞེས་གནང་བཞིན་པའི་ཁར། བར་ལམ་ནས་གང་ཉིད་མཆོག་གི་དམ་བཅའ་བཞི་པ་དེ་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་ཞུ་རྒྱུ་དེ་ཡིན་ཞེས་བཀའ་ཕེབས་པ་མ་ཟད། ད་ཆ་རྒྱ་གར་ནང་དུ་མཛད་འཕྲིན་རྒྱ་ཆེ་རུ་ཕྱིན་ཡོད། ངས་བསམ་པར་༧སྐུའི་དམ་བཅའ་བཞི་པ་དེ་བོད་པའི་ངོས་ནས་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས་ལྟ་བུར་ངོས་འཛིན་བྱེད་ཆོག་གི་རེད་བསམ་གྱི་འདུག མ་རེད་དམ། 

ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས།

ང་ཚོ་ཚང་མས་དོ་སྣང་བྱེད་དགོས་པ་ཞིག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཛད་འཆར་ཧ་ཅང་ཉུང་དུ་ཕྱིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ་བཀའ་སློབ་སྩོལ་བཞིན་པ་ནི།  མགོན་པོ་གང་ཉིད་ཀྱིས་ཐུགས་འགན་དམ་བཅའ་བཞི་པ་དེ་༸སྐུ་ཚེ་ཧྲིལ་པོའི་རིང་ཐུགས་སྐྱེས་དམ་བཅའ་བཞིའི་ཐོག་ཐུགས་བརྩོན་མཛད་རྒྱུ་ཡིན་པ་དང་། བར་ལམ་ནས་བཟུང་ཐུགས་འགན་དམ་བཅའ་བཞི་པ་ཞེས་བཀའ་སློབ་སྩོལ་བཞིན་པ་དེར་མཚོན་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་རྐྱང་ཙམ་གྱི་དམ་བཅའ་ཡིན་པ་ལྟ་བུ་མིན་པར་དེའི་ཐོག་ང་ཚོ་བོད་མི་ཚང་མས་འབད་བརྩོན་དང་དབུ་འོག་དཔུང་འདེགས་ངེས་པར་དུ་ཞུ་དགོས་པ་རེད། གང་ཡིན་ཞེ་ན། རྒྱ་གར་ནི་ང་ཚོའི་བླ་མ་དང་། བོད་མི་ཚོ་རྒྱ་གར་གྱི་སློབ་མ་ཡིན་སྟབས་བླ་སློབ་ཀྱི་འབྲེལ་བ་ཡིན་ནའང་རེད། ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་གྲགས་འཛམ་གླིང་ནང་ཧ་ཅང་གྲགས་ཆེན་པོ་ཆགས་ཡོད།  གང་ཉིད་མཆིག་གིས་དུས་རྟག་ཏུ་རྒྱ་གར་གྱི་བུ་ཞིག་ཡིན་སྐོར་བཀའ་སློབ་སྩོལ་བཞིན་པ་ལྟར་ཕྱི་ལོ་ ༡༩༥༩ ལོ་ནས་ད་བར་༸གོང་ས་མཆོག་གི་༸སྐུ་ལུས་ལ་མཚོན་ན་གཙོ་ཆེར་རྒྱ་གར་གྱི་བག་ལེབ་དང་སྲན་མ་སོགས་ལ་བརྟེན་ནས་༸སྐུ་འཚོ་ཞིང་། ཐུགས་བརྒྱུད་ཀྱི་ཡོན་ཏན་ལ་མཚོན་ན་ཀླད་པའི་རྫས་ཕུང་རྣམས་རྒྱ་གར་གནའ་བོའི་སྲོལ་རྒྱུན་དཔལ་ན་ལེནྡཱའི་ལེགས་བཤད་ཀྱིས་ཁེངས་ཡོད་སྐོར་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩོལ་བཞིན་པ་དེ་ལྟར་ཡིན།  དེར་བརྟེན་རྒྱ་གར་གཞུང་མང་གཉིས་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་གསལ་པོ་རེད་འདུག 

ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱིས་གཙོས་འཛམ་གླིང་གང་སར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་སྤེལ་གཏོང་གནང་མཛད་བཞིན་པ་དང་།  རིག་གཞུང་དེའང་རྒྱ་གར་གནའ་རབས་ཀྱི་རིག་གཞུང་ཞིག་ཡིན་སྟབས་རིག་གཞུང་དེ་ད་ལྟའི་འཛམ་གླིང་ནང་དགོས་མཁོ་དང་ཧ་ཅང་འཚམ་པོ་ཡོད་པས་རྒྱ་གར་གཞུང་རང་ནས་དེའི་ཐོག་བཟང་སྤྱོད་ཀྱི་འགན་ཡོད་སྐོར་བཀའ་སློབ་སྩོལ་བཞིན་ཡོད།  ༸་ལ་མཚོན་ནའང་བཙན་བྱོལ་དུ་༸ཞབས་སོར་འཁོད་གནང་མཛད་རྗེས་རིམ་བཞིན་བོད་ཀྱི་ཆོས་བརྒྱུད་ཁག་གི་གདན་ས་ཆེ་ཁག་གིས་གཙོས་རིས་མེད་ཆོས་སྡེ་ཁག་ཧ་ལམ་ཆ་ཚང་རྒྱ་གར་ནང་སླར་གསོ་མཛད་ཡོད།

ད་རེས་གང་ས་ཅི་ཐད་ནས་ང་ཚོས་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་དང་འབྲེལ་བ་དམ་ཟབ་ཡོད་སྟབས། ཐུགས་རྗེ་ཆེ་ཞུའི་ཡིག་ཆའི་ནང་ཧ་ཅང་གསལ་པོ་བཀོད་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམ་བཅའ་བཞི་པ་དཔལ་ནཱ་ལེནྡྲའི་རིག་གཞུང་སླར་གསོ་མཛད་རྒྱུ་དེར་མཚོན་ན་བོད་པའི་ད་བར་ཉར་ཚགས་བྱས་པ་དེ་རྒྱ་གར་ནས་བྱུང་བ་རེད། བོད་ནང་དར་འཕེལ་བྱུང་ཡོད་ཀྱང་རྒྱ་གར་ནང་སླར་གསོ་བྱས་ཐུབ་འདུག་ཅེས་འདི་དགོངས་པ་བཞེས་པའི་ཐོག་ནས་བཀའ་དྲིན་ཆེན་པོ་ཡིན་པ་དང་འདི་འགྲེལ་བརྗོད་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རང་བཞིན་གྱི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་འགྲེལ་བརྗོད་རིམ་པ་མང་པོའི་ནང་ཚུད་པ་ཏན་ཏན་ཆགས་ཀྱི་འདུག

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས།

དཔལ་ནཱ་ལེནྡྲ་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་དང་། དེ་བཞིན་རྒྱ་གར་གྱི་རིག་གཞུང་དཔེར་ན། སྙན་ངག་དང་། བཟོ་བཀོད་སྒྱུ་རྩལ་སོགས་མང་པོ་ཞིག་རྒྱ་གར་ནས་ཚུར་བོད་ནང་དར་འཕེལ་ཤུགས་ཆེན་པོ་བྱུང་ཡོད། བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱས་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཏང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་མང་པོ་ཞིག་རྒྱ་གར་ནང་༸ཞབས་སོར་འཁོད་ནས་སླར་གསོ་མཛད་ཐུབ་པར་བརྟེན་རྒྱ་གར་གཞུང་ལ་མཚོན་ན་ཧ་ལས་པའི་བཀའ་དྲིན་ཆེན་པོ་ཆགས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་བ་ནང་བཞིན། དཔལ་ནའ་ལེནྡྲའི་ཆོས་དང་རིག་གཞུང་འདི་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་རེད། ཕན་ཐོགས་ཆེན་པོ་ཡོད་པའི་ཐོག་ནས་མང་ཚོགས་ཀྱི་བདེ་བ་དང་། སེམས་ཁམས་རིག་པ་སོགས་གང་ཅིའི་ཐད་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པར་བརྟེན་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་བཞི་པ་འདི་རྒྱ་གར་ནང་སླར་གསོ་མཛད་ཀྱི་ཡིན་ཞེས་པ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། དཔལ་ནཱ་ལེནྡྲ་དང་། རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་པ་སངས་རྒྱས་པའི་ཆོས་ལ་སོགས་པ་རྒྱ་གར་ནང་ཉམས་པ་རེད། ཉམས་ཆག་ཕྱིན་ཏེ་དཔེ་ཆ་སོགས་མང་པོ་ཞིག་རྒྱ་གར་ནང་རྩ་མེད་ཕྱིན་སྟབས། རྒྱ་གར་ནང་སླར་གསོ་མཛད་ཀྱི་ཡིན་ཞེས་པ་འདི་ཧ་ཅང་གལ་ཆེན་པོ་རེད། བོད་པའི་དགོན་སྡེ་གྲྭ་ཚང་དང་རིག་གཞུང་བསྟི་གནས་ཁང་། ལྷག་པར་ཝར་ཎ་མཐོ་སློབ་ངོས་ནས་སྔོན་མའི་ནང་པ་སངས་རྒྱས་པའི་དཔེ་ཆ་མང་པོ་ཞིག་རྒྱ་གར་ནང་རྩ་མེད་ཡིན་པ་དེ་དག་བོད་ཡིག་ནས་སླར་ཡང་ཚུར་ལེགས་སྦྱར་སྐད་ཡིག་ནང་སྒྱུར་རྒྱའི་ཕྱག་ལས་གནང་སྟབས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དང་ཤེས་ཡོན་དེ་དག་རྒྱ་གར་ནང་མེད་པ་ཆགས་པར་བརྟེན་རྒྱ་གར་ནང་སླར་གསོ་བྱེད་པ་ཡིན་ན། རྒྱ་གར་ཙམ་མིན་པར་འཛམ་གླིང་སྤྱི་ལ་ཕན་ཐོགས་ཀྱི་ཡོད་སྟབས། དཔེ་ཆ་མང་པོ་ཞིག་བསྒྱུར་དང་སྒྱུར་བཞིན་ཡོད་པ་རེད།

༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སྩལ་བ་ནང་བཞིན། རྒྱ་གར་གནའ་རབས་ཀྱི་རིག་གཞུང་མང་པོ་ཞིག་ད་ལྟའི་ཆར་རྒྱ་གར་ནང་མེད་པ་དེ་དག་ང་ཚོ་བོད་པས་ཉར་ཡོད། བོད་པས་ཉར་བ་མ་ཟད། རྒྱ་གར་ནང་སླར་གསོ་བྱས་ནས་དར་སྤེལ་གནང་རྒྱུ་འདི་གལ་ཆེན་པོ་གཟིགས་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་ང་ཚོས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དགོས་དོན་ནི། བོད་ཀྱི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་རྒྱ་གར་ཆགས་ཡོད། ད་ཆ་རྒྱ་གར་ནང་རིག་གཞུང་དེ་དག་ཉམས་པར་བརྟེན་རིག་གཞུང་དེ་དེག་སླར་གསོ་བྱས་ནས་ཕར་འབུལ་རྒྱུ་འདི་ཞབས་འདེགས་ཆེན་པོ་ཞིག་ཆགས་ཡོད། །

Share with your friends










Submit