Published By ngawang thokmey

༢༠༡༨ ཟླ་ ༢ ཚེས་ ༩ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༢ ཉིན་རྒྱ་གར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། ༼ དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བཀའ་དྲིན་རྗེས་དྲན། ༽ཞེས་པའི་ཕྱག་དེབ་དང་། ༼ བདེན་པའི་ངར་སྒྲ།  ༽ ཞེས་པའི་དོལ་རྒྱལ་ཐོག་སྤང་བླང་འཇུག་ལྡོག་ཚུལ་བཞིན་ཇི་ལྟར་བྱ་དགོས་མིན་སྐོར་བཅར་འདྲི་ཞུས་པའི་བརྙན་ཐུང་འོད་སྡེར་བཅས་དབུ་འབྱེད་གནང་འདུག

དེབ་དང་བརྙན་འཕྲིན་དེ་གཉིས་ཀྱི་རྒྱབ་ལྗོངས་སྐོར་ཞུ་བར། དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༣ ནས་ ༢༤ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་དརྨཱ་ཤཱ་ལར་རྟེན་གཞི་བྱས་པའི་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་དུ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དགེ་ལུགས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཚོགས་པ་དང་། ཕྱི་ཚེས་ ༢༤ ཉིན་མཇུག་སྡོམ་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཚོགས་མགོན་དུ་༸ཞབས་སོར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་སྩལ་བ་སོགས་ཕྱོགས་སྒྲིག་ཞུས་པ་ཞིག་ཡིན་འདུག

བརྙན་འཕྲིན་དེ་ནི་ཚོགས་ཆེན་དེའི་ཐོག་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་བཞག་འདུག་པ་དེ་ལས་དོན་ཚན་ལྔ་པའམ་  ཅ༽ པའི་ནང་གསལ་ལྟར་ན།

༼ དོལ་རྒྱལ་བསྟེན་གསོལ་བྱེད་མཁན་སྤྱི་སྒེར་སུ་ཡིན་རུང་། རི་བོ་དགེ་ལུགས་པ་དང་བཀའ་གདམས་གསར་མ་གང་ཡང་མིན་པ་མ་ཟད། བོད་གངས་ཅན་གྱི་ཆོས་བརྒྱུད་གང་གིའང་ཁོངས་གཏོགས་མིན་པ་བསྐྱར་ནན་བརྗོད་རྒྱུ་དང་། བསྟན་འགྲོ་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡཱི་སྲོལ་རྒྱུན་བོད་བརྒྱུད་ནང་བསྟན་ཕན་ཚུན་མཐུན་ལམ་དང་། བསྟན་པའི་འཇུག་སྒོར་གནོད་ཚབས་ཆེ་བའི་དོལ་རྒྱལ་རྗེས་འབྲང་པའི་སྔ་ཕྱི་བར་གསུམ་གྱི་བྱེད་སྤྱོད་དང་། ད་ལྟའི་ཆར་ཁོ་ཚོས་རྒྱལ་སྤྱིའི་ཡུལ་ལུང་དུ་མར་༸གོང་ས་མཆོག་ཆིབས་སྒྱུར་སྐབས་གཞི་མེད་སྐྱོན་

འཛུགས་ཀྱི་སྒོ་ནས་མཚན་སྨད་ངོ་རྒོལ་ཞུས་དང་ཞུ་བཞིན་པར་ངོས་ལེན་མེད་པའི་ལངས་ཕྱོགས་གསལ་སྟོན་ཐོག དགེ་ལུགས་ཚོགས་ཆེན་འདི་བརྒྱུད་ནས་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་སྔ་རྗེས་བཞི་བསྣོལ་འཇོག་གནང་བའི་འབྲུ་དོན་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུད་བོན་དང་བཅས་པའི་ཆོས་ཚོགས་ཐེངས་ ༡༠ དང་། ཐེངས་ ༡༢ པར་བཞག་པའི་གྲོས་ཆོད་བཅས་ལ་རྒྱབ་སྐྱོར་ཞུས་ཏེ། མགོན་པོ་གང་ཉིད་ཀྱིས་དམ་སྲི་དོལ་རྒྱལ་བསྟན་གསོལ་གྱི་སྤང་བླང་ལམ་སྟོན་མཛད་དང་མཛད་བཞིན་པར་བཀའ་དྲིན་རྗེས་སུ་དྲན་ཞིང་མངོན་པར་བསྟོད་དེ་ཅི་གསུང་བཀའ་སྒྲུབ་དགའ་སྒོམ་ཐོག་མུ་མཐུད་ཞུ་རྒྱུ།  ༽

ཞེས་འཁོད་པ་ལྟར་གོང་སྨོས་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཚོགས་ཆུང་ནས། རི་བོ་དགེ་ལྡན་པའི་བསྟན་བདག་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་གཉིས། བཀའ་བློན་ཁྲི་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག   རྣམ་གྲྭ་མཁན་རིན་པོ་ཆེ་མཆོག  གདན་ས་སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་།   བཀྲ་ཤིས་ལྷུན་པོ།  ར་སྟོད་གྲྭ་ཚང་།  རྒྱུད་གྲྭ་སྨད་སྟོད་ཀྱི་མཁན་པོ་བཅས་ལ་མཇལ་བཅར་དང་སྦྲགས་དོལ་རྒྱལ་བསྟེན་གསོལ་ཐོག་བཅར་འདྲི་ཞུས་པའི་སྐོར་གྱི་བརྙན་འཕྲིན་བདེན་པའི་ངར་སྒྲ། ཞེས་པ་ཡིན་འདུག

འབྲེལ་ཡོད་ནས་དགག་དགོས་དུས་མར་གཟིགས་ནས་འདི་ག་ཕྱི་དྲིལ་ལས་ཁུངས་སུ་ཕེབས་ཏེ་དེའི་སྐོར་དྲིལ་བསྒྲགས་ཡོང་བའི་རེ་འདུན་ལྟར་འདི་ལས་འདོན་སྤེལ་ཞུས་པ་གཤམ་གསལ།

 

དྲི་བ། ཞྭ་སེར་བསྟན་པའི་མཛེས་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག སྐུ་ཉིད་རི་བོ་དགེ་ལྡན་པའི་བསྟན་པའི་འཁུར་ཆེན་བཞེས་མཁན་ཡིན་པས། དོལ་རྒྱལ་མཚམས་འཇོག་ཇི་ལྟར་གནང་ལུགས་དང་། དེང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་རི་བོ་དགེ་ལུགས་པ་ཡིན་ཁུལ་གྱིས་འཛམ་གླིང་གང་སར་བྱ་ངན་སྣ་ཚོགས་སྤེལ་བཞིན་པའི་ཐད་དགོངས་ཚུལ་གསུང་རོགས།

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས།  དོལ་རྒྱལ་དང་པོ་ང་དང་འབྲེལ་བ་མེད། རྒྱལ་རོང་མཁན་ཟུར་རིན་པོ་ཆེས་དོལ་རྒྱལ་བསྟེན་པ་གནང་གི་འདུག ཉིན་གཅིག་སྐྱབ་རྗེས་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་གྱི་སྲོག་གཏད་གནང་གི་འདུག་བརྗོད་སྐབས་དེར་ཕྱིན་ནས་སྲོག་གཏད་ཞུས་པ་ཡིན། སྐབས་དེར་རྒྱུ་མཚན་གང་ཡང་མཐོང་གི་མེད། དེ་ནས་ལོ་མང་རྗེས་༸སྐུ་མདུན་ནས་ཕྲན་རྒྱུད་སྨད་བླ་མ་དབུ་མཛད་བྱོས་ཞེས་བཀའ་སྩལ་བྱུང་། ངས་སྐབས་དེར་དགེ་ལུགས་རྒྱུགས་སྤྲོད་བྱས་མེད་སྟབས་ཞུ་ཐུབ་པ་མི་འདུག་ཅེས་དགོངས་པ་ཞུས་པ་ཡིན། གང་ཡིན་བརྗོད་ན་དེ་སྔ་༸རྒྱལ་དབང་༸སྐུ་ཕྲེང་ ༡༣ ཐུབ་བསྟན་རྒྱ་མཚོ་མཆོག་གིས་རྒྱུད་སྨད་བླ་མ་དབུ་མཛད་ཕེབས་པར་དགེ་བཤེས་ལྷ་རམས་པའི་དམ་བཅའ་གཞག་དགོས་པ་བཀའ་ཕེབས་ཡོད། དེར་བརྟེན་ངས་༸གོང་ས་མཆོག་ལ་དེ་ལྟར་ཞུ་སྐབས་༸གོང་ས་མཆོག་གིས་གང་བྱ་རྒྱུ་མ་རེད། ངོས་ཀྱིས་ཤེས། ཁྱེད་རང་གིས་དོལ་རྒྱལ་བསྟེན་གྱི་ཡོད་དམ། ཞེས་བཀའ་འདྲི་གནང་བྱུང་། ངས་དོལ་རྒྱལ་བསྟེན་པ་དེར་དམིགས་བསལ་རྒྱུ་མཚན་གང་ཡང་མེད།  རྒན་གྱིས་དོལ་རྒྱལ་ཡག་པོ་ཡོད་པ་གསུངས་བྱུང་། ཉིན་གཅིག་སྲོག་གཏད་གནང་གི་ཡོད་པ་ཤེས་སྐབས་དེར་ཕྱིིན་པ་ཡིན། ཞེས་སྙན་སེང་ཞུས་པ་དང་སྦྲགས། ད་ཆ་གང་བྱ་དགོས་མིན་བཀའ་འདྲི་ཞུ་སྐབས་༸གོང་ས་མཆོག་གིས་བསྐང་གསོ་ཞེ་དྲག་མ་གཏང་།  འཕྲིན་བཅོལ་ཐུང་ཐུང་ཞིག་ཡོད་པ་དེ་འདོན་པ་མ་གཏོགས་གཞན་ལ་སྲོག་གཏད་མ་བྱེད། དེའི་སྐོར་ཧ་ཅང་མ་བྱས་ན་ཡག་གི་རེད། ཅེས་བཀའ་སྩལ་བྱུང་། དེ་རྗེས་ངས་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་མཇལ་བཅར་ཞུས་ནས་དེའི་སྐོར་བཀའ་འདྲི་ཞུ་སྐབས།  དཔལ་ལྡན་ལྷོ་མོ་དང་གནས་ཆུང་ཆོས་རྒྱལ་ཆེན་མོ་གཉིས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཐུན་མོང་མིན་པའི་འབྲེལ་བ་ཡོད་སྟབས་དོལ་རྒྱལ་བསྟེན་པ་དེས་ལྷོ་མོ་འཁོན་པའི་ལོ་རྒྱུས་ཞིབ་ཕྲ་གསུངས་བྱུང་། དེར་བརྟེན་ངས་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་མཚམས་འཇོག་བྱས་པ་ཡིན།

༸གོང་ས་མཆོག་གིས་དགོངས་པ་བཞེས་ཕྱོགས་འདི་རི་བོ་དགེ་ལྡན་པའི་ནང་དོལ་རྒྱལ་གསོ་མཁན་དང་མི་གསོ་མཁན་ཁག་གཉིས་ཡོད་པ་དེར་ཐོག་མར་འཇམ་པོའི་ཐོག་ནས་མཐུན་སྒྲིག་ཡོང་རྒྱུར་དགོངས་པ་བཞེས་པ་མ་ཟད།  ཐབས་ཤེས་མང་པོ་མཛད་ཡོད་སྐོར་༸གོང་ས་མཆོག་རང་གིས་བཀའ་སྩལ་ཡོད། ཐབས་ཤས་ཇི་ཙམ་མཛད་ཀྱང་ཡག་ཏུ་འགྲོ་རྒྱུའི་ཚབ་ལ་ད་དུང་སྡུག་ཏུ་ཕྱིན་པ་དང་། ཕར་བསམ་ཤེས་ཇི་ཙམ་མཛད་ཀྱང་ཚུར་དེ་བས་མཁྲེགས་འཛིན་བྱས་པ་ཡིན་སྟབས་དེ་འདྲ་གཞག་པ་ཡིན་ན་མ་འོངས་པར་ཡག་པོ་ཞིག་ཡོང་བ་མི་འདུག་དགོངས་ནས་དཔེར་ན་༸གོང་ས་ལྔ་པ་ཆེན་པོའི་སྐབས་དོལ་རྒྱལ་ལ་དམ་བསྒྲགས་ཧ་ཅང་མཛད་ཡོད་ཁོང་དགོངས་པ་ཆོས་དབྱིངས་སུ་ཐིམས་ཚུལ་མཛད་རྗེས་སླར་ཡང་རིམ་བཞིན་དར་ཁྱབ་བྱུང་ཡོད། ཕྱོགས་མཚུངས་༸རྒྱལ་མཆོག་༸སྐུ་ཕྲེང་ ༡༣ ཐུབ་བསྟན་རྒྱ་མཚོའི་སྐུ་དུས་སུའང་དོལ་རྒྱལ་ལ་དམ་བསྒྲགས་ཧ་ཅང་མཛད་ཡོད་ཀྱང་༸རྒྱལ་དབང་མཆོག་ཞིང་ལ་ཕེབས་རྗེས་སླར་ཡང་དར་ནས་ད་ཆ་ཤུགས་ཆེན་པོ་ཆགས་པར་བརྟེན་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་ ༡༤ ཆེན་པོ་མཆོག་༸སྐུ་འཚོ་ཞིང་བཞེས་པའི་སྐབས་འདིར་རྙོག་གྲ་འདི་སེལ་མ་ཐུབ་ཚེ་༸རྒྱལ་དབང་མཆོག་དགོངས་པ་གཞན་དོན་དུ་གཤེགས་རྗེས་སླར་ཡང་བསྐྱར་ལོག་ཡོང་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་དང་། དེར་བརྟེན་ཤོག་ཁག་གཉིས་ཆགས་ནས་རྙོག་གྲ་ཡོང་རྒྱུ་ཡིན་པ་དེར་དགོངས་པ་བཞེས་པ་ཧ་ཅང་གསལ་པོ་རེད་འདུག

 

  དྲི་བ། དོལ་རྒྱལ་རྗེས་འབྲང་པ་ཚོས་བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་མགོ་བོ་རྨོངས་ཐབས་དང་ལོག་ལམ་དུ་བཀྲི་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་ཐད་བླང་དོར་བཀའ་སློབ་སྩལ་བ་གང་དག་ཆོས་བརྒྱུད་གཞན་ལ་ངོ་སྲུང་ཆེད་ཡིན་པ་དང་། དེ་ལ་དྲང་དོན་དང་ངེས་དོན་དབྱེ་དགོས་ཚུལ་གྱི་ཧམ་རྫུན་བཤད་ཀྱི་འདུག་ན་ཆོས་རྗེ་མཆོག་ནས་དེའི་སྐོར་ལམ་སྟོན་ཁ་གསལ་གསུང་རོགས།

ཤར་པ་ཆོས་རྗེ་མཆོག  གཙོ་བོ་སྐྱབས་མགོན་རིན་པོ་ཆེས་དོལ་རྒྱལ་བསྟེན་གསོལ་སྐོར་བླང་དོར་བཀའ་སློབ་ཕེབས་ཡོད་རེད། དེའི་རྒྱུ་མཚན་གཙོ་བོ་ནི་དོལ་རྒྱལ་བསྟེན་པ་ཡིན་ན་ཆོས་བརྒྱུད་ནང་ཕན་ཚུན་མི་མཐུན་པ་ཡོང་གི་ཡོད་པ་དང་། དེ་བཞིན་དོལ་རྒྱལ་བསྟེན་མཁན་ཚོ་ལ་དོལ་རྒྱལ་གྱིས་གནས་སྐབས་རོགས་ཙམ་བྱེད་པ་མ་གཏོགས་དེ་བསྟེན་ན་མཐར་ཡག་པོ་མེད་པ་དངོས་ཡོད་གནས་ཚུལ་རེད། དེ་མཁྱེན་དགོས་པ་གལ་ཆེ་ཤོས་རེད། འདི་ཡང་དངོས་ཡོད་གནས་ཚུལ་ཡིན་པ་ཐག་རིང་བསམ་བློ་གཏོང་དགོས་པ་ཞིག་མ་རེད། དཔེར་ན་དགའ་ལྡན་ཤར་རྩེ་གྲྭ་ཚང་ལ་སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་མང་པོ་ཕེབས་པ་དང་། གོ་བསྡུར་མང་པོ་གནང་ཡོད་ཀྱང་ལམ་ལྷོངས་མ་བྱུང་བ་རེད། དེ་ནས་ཁོ་རང་ཚོས་ག་ལེར་གཙང་མ་ཞིག་བཞག་ན་ཡག་པོ་ཆགས་ངེས་རེད་མོད། གོ་བསྡུར་ལམ་ལྷོངས་མ་བྱུང་བས་མུ་མཐུད་ནས་བསྟེན་མཁན་རེ་ཟུང་བྱུང་བར་བརྟེན་ང་ཚོས་མིག་མཐོང་ལག་ཟིན་དུ་དུམ་བུ་གཉིས་ཆགས་སོང་བ་རེད། དུམ་བུ་གཉིས་ཆགས་དུས་ཤར་རྩེ་གྲྭ་ཚང་ཡིན་ནའང་ཚོགས་ཆུང་དུ་འགྲོ་བ་དང་སློབ་གཉེར་སོགས་གང་ཅིར་སངས་རྒྱས་བསྟན་པ་ལ་གནོད་ཀྱི་འདུག། དེ་དངོས་ཡོད་གནས་ཚུལ་རེད། དོལ་རྒྱལ་ཤུགས་ཆེར་བསྟེན་པ་ཡིན་ན་དེ་འདྲ་རེད། དེ་བཞིན་གྲྭ་ཚང་སྨད་སྤོ་འབོར་ཁམས་ཚན་ནང་ཚང་མས་ཡག་པོ་ཞིག་གནང་ན་ཧ་ཅང་ཡག་པོ་རེད། དེ་གནང་མ་ཐུབ་པས་དུམ་བུ་གཉིས་ཆགས་པ་རེད། དེས་ན་ཕྱོགས་གཉིས་ཀར་དཀའ་ངལ་ཡོད་ཡོད་པ་རེད། གང་ལྟར་དོལ་རྒྱལ་བསྟེན་མཁན་ཚོས་མཁྱེན་དགོས་རེད། མཐར་གཏུགས་ན་གནོད་པ་མ་གཏོགས་ཕན་པ་མི་འདུག། དེ་ཡིན་པའང་གཙོ་བོ་རྒྱལ་མཆོག་ལྔ་པའི་གསུང་དུ་དམ་མིན་དམ་རྫུས་གྲགས་པ་རྒྱལ་མཚན་ཞེས་དང་། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ཟེར་འདུག སྨོན་ལམ་ལོག་པ་ཞེས་པ་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དེ་འབྲས་སྤུངས་ཀྱི་གཟིམ་ཆུང་གོང་གི་སྤྲུལ་སྐུའི་མིང་ཡོད་མཁན་ཞིག་ཡིན་པ་རེད། དེ་ནས་རྒྱལ་མཆོག་ལྔ་པ་ལས་གསུང་ཆོས་ཞུས། དེ་ནས་དད་པ་ལོག་སྟེ་དམ་སྲི་ཟེར་བ་དེ་ཆགས་པ་རེད། ཁོང་རང་གིས་སྨོན་ལམ་ཡག་པོ་མ་བརྒྱབ་པར་བརྟེན་ནས་དེ་ལྟར་བྱུང་བ་རེད། ༸སྐྱབས་མགོན་རིན་པོ་ཆེས་དངོས་ཡོད་གནས་ཚུལ་དེ་མཁྱེན་ནས་གསུངས་པ་རེད། དོལ་རྒྱལ་བསྟེན་མ་བསྟེན་སོ་སོའི་རང་དབང་རེད། བསྟེན་པ་ཡིན་ན་དངོས་ཡོད་གནས་ཚུལ་ཐོག་ནས་དེ་འདྲ་རེད། དེ་ཚང་མས་ཤེས་དགོས་ཀྱི་འདུག མི་དང་མི་མ་ཡིན་པ་སུ་ཡིན་ཡང་རོགས་ཏོག་ཙམ་བྱེད་ཡོང་སྲིད་ཀྱང་ཕུགས་ལ་གནོད་ཀྱི་རེད། དེ་ནས་ཆོས་བརྒྱུད་གཞན་ལ་ངོ་སྲུང་བྱས་ཟེར་བ་དེ་ཧ་ལས་པའི་སྐད་ཆ་རེད། ངོ་སྲུང་དགོས་པ་གང་ཡང་ཡོད་མ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཆོས་བརྒྱུད་ཁག་ཚང་མས་དད་གུས་དང་གུས་བརྩི་བྱེད་ཀྱི་ཡོད་ལ་ཁོང་གིས་ཀྱང་ཆོས་བརྒྱུད་ཚང་མ་ཉམས་སུ་ལེན་གྱི་ཡོད་རེད། དངོས་ཡོད་གནས་ཚུལ་ཐོག་ལ་ཕེབས་ཀྱི་ཡོད་རེད། དེ་ནས་སྐྱབས་མགོན་རིན་པོ་ཆེས་དུས་རྒྱུན་དུ་མི་ལ་ངོ་སྲུང་མཁན་ཞིིག་དང་སྤྲེལ་ལད་བྱེད་མཁན་ཞིག་མ་རེད། དེ་ང་ཚོས་སྔོན་མར་མ་ཤེས་ནའང་རྒྱ་གར་ན་སླེབས་ནས་ལོ་གང་འཚམ་ཕྱིན་པས་སྐྱབས་མགོན་རིན་པོ་ཆེའི་མཛད་རྣམ་དངོས་ཡོད་དེ་འདྲ་ཡིན་པ་ཤེས་ཐུབ་པ་ཞིག་རེད། དེ་ངེས་དོན་མ་རེད་དྲང་དོན་རེད་ཟེར་བ་དེ་ཚོ་རང་གི་བསམ་ཚུལ་ཙམ་རེད་མ་གཏོགས་དེ་ལ་དྲང་དོན་དང་ངེས་དོན་ཕྱེ་དགོས་པ་གང་ཡང་ཡོད་མ་རེད། དེ་ནས་སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་གནང་བ་ནང་བཞིན་བོད་མི་བརྒྱ་ཆ་གོ་དགུ་ལྷག་གིས་གནང་བསྡད་ཡོད་རེད། དེ་གནང་བ་ནང་བཞིན་ང་ཚོར་ཡག་པོ་ཡོང་གི་འདུག གནས་སྐབས་དང་ཕུགས་ལ་བསླུ་བ་གཏན་ནས་ཡོད་མ་རེད། ༸སྐྱབས་མགོན་རིན་པོ་ཆེས་དུས་གསུམ་གསལ་གཟིགས་ཀྱིས་མི་ལ་ཕན་པའི་ཆེད་དུ་དེ་འདྲ་གསུངས་པ་རེད་མ་གཏོགས་ཁོང་ཉིད་ལ་གང་ཡང་གནང་དགོས་པ་མ་རེད། 

 

དྲི་བ། དེང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་དོལ་རྒྱལ་ནི་རི་བོ་དགེ་ལུགས་པའི་བསྟན་སྲུང་གཙོ་བོ་ཡིན་ཞེས་བརྗོད་པ་མ་ཟད། ཐུབ་དབང་ལས་ཀྱང་རྩ་ཆེར་རྩི་བཞིན་སྒྲིག་གཤོམ་བྱེད་བཞིན་འདུག་ན་ཆོས་རྗེ་མཆོག་ནས་དོལ་རྒྱལ་འདི་རི་བོ་དགེ་ལུགས་པའི་བསྟན་སྲུང་ཡིན་མིན་དགོངས་ཚུལ་གསུངས་རོགས་གནང་། 

བྱང་རྩེ་ཆོས་རྗེ།  དོལ་རྒྱལ་གྱི་བྱུང་རིམ་ག་འདྲ་རེད་ཅེ་ན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཞལ་བཞུགས་དུས་ནས་དོལ་རྒྱལ་གྱི་སྐད་ཆ་ཡོད་མ་རེད། ༸གོང་ས་ལྔ་པ་ཆེན་པོའི་སྐབས་དོལ་རྒྱལ་དངོས་སུ་བྱུང་བ་རེད། དེ་སྔར་དོལ་རྒྱལ་གྱི་ལོ་རྒྱུས་ཡག་པོ་ཞིག་ཚང་མས་ཤེས་ཀྱི་ཡོད་མ་རེད། ང་ལ་མཚོན་ན་ཡང་དེ་སྔར་དོལ་རྒྱལ་གྱི་གནས་ཚུལ་གསལ་པོ་མ་ཤེས་པའི་དབང་གིས་དོལ་རྒྱལ་བསྟེན་གསོལ་བྱས་པ་རེད། རྗེས་སུ་གནས་ཚུལ་གསལ་པོ་བལྟ་དུས་དོལ་རྒྱལ་ལ་རྒྱུས་མངའ་ཆེ་ཤོས་༸གོང་ས་ལྔ་པ་ཆེན་པོ་རེད་འདུག། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་དོལ་རྒྱལ་གྱི་གནས་ཚུལ་ཚང་མ་ཐོན་པ་རེད། ༸གོང་ས་ལྔ་པ་ཆེན་པོས། སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།། བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་ལ།། མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག །ཅེས་གསུངས་པ་ལྟར་ངོས་འཛིན་དེ་འདྲ་ཞིག་གནང་བ་ནས་བཟུང་དོལ་རྒྱལ་གྱི་གནས་ཚུལ་གསལ་པོ་ཆགས་ཡོད་སྟབས། ༸གོང་ས་ལྔ་པ་ཆེན་པོའི་གསུང་དེ་ལས་ལྷག་པ་ཞིག་ཡོད་མ་རེད་བསམ་གྱི་འདུག དེར་མ་ཟད་དོལ་རྒྱལ་དངོས་གནས་རི་བོ་དགེ་ལྡན་པའི་བསྟན་པ་སྲུང་མཁན་ཞིག་ཡིན་ན་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་ནས་བཟུང་རིམ་པ་བཞིན་དུ་རྗེ་དགེ་འདུན་གྲུབ་པ། རྗེ་དགེ་འདུན་རྒྱ་མཚོ་སོགས་ཀྱི་སྐབས་དེར་གོ་རྒྱུ་ཡོད་དགོས་པ་ལས། གོ་རྒྱུ་རྩ་བ་ནས་ཡོད་མ་རེད། མ་ཟད་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་སྐབས་དགའ་ལྡན་དུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོ་དགའ་ལྡན་ནས་ཕྱིར་ཕུད་བཏང་བའི་ལོ་རྒྱས་ཡོད་རེད། དེར་མ་ཟད་དོལ་རྒྱལ་བཀྲ་ཤིས་ལྷུན་པོར་འགྲོ་དུས་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀག་ནས་བཀྲ་ཤིས་ལྷུན་པོ་ལ་འགྲོ་མ་ཐུབ་པ་རེད། དོལ་རྒྱལ་གྱི་བསྟོད་འགྲེལ་ནང་དུའང་། དེ་ནས་བཀྲ་ཤིས་ལྷུན་པོར་འཕྲུལ་བྱས་ཏེ།། འཕྲུལ་བའི་ཚུལ་གྱི་ས་སྐྱ་ཞེས་པ་དེར།། བསྟན་སྲུང་མཐུ་རྩལ་ངོ་བོ་རྩལ་དུ་གསོལ།། བསྟོད་པའི་ནང་དུ་དེ་འདྲ་ཡོད་རེད། འཇམ་མགོན་བླ་མ་ཙོང་ཁ་ཆེན་པོའི་བསྟན་སྲུང་གཙོ་བོ་ཞིག་ཡིན་ན་བཀྲ་ཤིས་ལྷུན་པོར་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀག་ཐུབ་ཀྱི་མ་རེད། གཞན་ཁྲི་ཆེན་ངག་དབང་མཆོག་ལྡན་ལ་སོགས་པས་དགའ་ལྡན་ནས་ཕྱིར་ཕུད་བཏང་དགོས་པའི་རྒྱུ་མཚན་ཡོད་མ་རེད། དེ་ལྟར་གནས་ཚུལ་རིམ་པར་བྱུང་བར་བརྟེན་ཞིབ་ཅིང་ཕྲ་བ་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་སྲུང་ཡིན་མིན་ཐད་དོལ་རྒྱལ་བ་ཁོ་རང་ཚོས་བཤད་སྲོལ་གཅིག་ཡོད་རེད། ང་རང་ཚོ་དགེ་ལྡན་པ་ཡོངས་ཀྱིས་གཏན་འབེབས་གནང་པའི་ལུང་རིགས་གསེར་གྱི་ལྡེ་མིག་ཅེས་པའི་དེབ་དེའི་ནང་ཕན་ཚུན་གཉིས་ཀའི་ལོ་རྒྱུས་ཞིབ་ཅིང་ཕྲ་བ་རྒྱུས་ཡོད་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས་བཀོད་ཡོད་རེད། དེབ་དེར་གཟིགས་ན་སོ་སོའི་རྣམ་རྟོག་ཚང་མ་དེས་སེལ་འགྲོ་ཡི་རེད། ལོ་རྒྱུས་ཡིན་ན་ཕྱོགས་གཅིག་གི་ལོ་རྒྱུས་གང་འདུག ཕྱོགས་གཞན་ཞིག་གི་ལོ་རྒྱུས་གང་འདུག དེ་ནས་ཡང་༸སྐྱབས་མགོན་ལྔ་པ་ཆེན་པོས་དོལ་རྒྱལ་ལ་འཕྲིན་བཅོས་མཛད་པའི་ལོ་རྒྱུས་དེ་འདྲ་ཡོད་རེད། ༸རྒྱལ་བ་ལྔ་པ་ཆེན་པོས་དོལ་རྒྱལ་ལ་རྗེས་སུ་འཕྲིན་བཅོལ་མཛད་པ་རེད་ཟེར་ནས་འཕྲིན་བཅོལ་དེ་དཔར་རྒྱབ་ནས་བཏོན་པ་དེ་འདྲ་བྱུང་ཡོད་རེད། དེ་ཚོ་དངོས་ཡོད་གནས་ཚུལ་ཡིན་ན་༸གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་ནང་ལ་ཡོད་དགོས་པ་ལས་དེ་ནི་མི་འདུག དེ་ནས་ང་ཚོས་རྟག་པར་འདོན་བཞིན་པའི་སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ཞེས་སོགས་ཀྱི་གསུང་དེ་གསུང་འབུམ་ནང་དུ་དངོས་གནས་དྲང་གནས་ཡོད་པ་རེད།

དྲི་བ། དེང་གི་དོལ་རྒྱལ་རྗེས་འབྲང་པ་ཚོ་དང་། སྔར་གྱི་དོལ་རྒྱལ་བསྟན་གསོལ་གནང་མཁན་གཉིས་དབར་ལ་སྐྱབས་འགྲོའི་བསླབ་བྱ་དང་འགལ་མིན་འགལ་གྱི་ཁྱད་པར་གསུངས་རོགས་གནང་།

ཟམ་གདོང་རིན་པོ་ཆེ།  སྤྱིར་འཇིག་རྟེན་པའི་ལྷ་བསྟེན་མཁན་ཚོ་སྐྱབས་འགྲོའི་བསླབ་བྱ་དང་འགལ་མི་འགལ་སྔོན་མ་དང་ད་ལྟའི་བར་ཁྱད་པར་ཡོད་རྒྱུ་མ་རེད། སྔོན་མ་བསྟེན་མཁན་ཡིན་ན་འདྲ་ད་ལྟ་བསྟེན་མཁན་ཡིན་ནའང་འདྲ། འཇིག་རྟེན་པའི་ལྷ་འཇིག་རྟེན་པའི་ལྷའི་ངོ་བོར་བསྐྱེད་ནས་གཏོར་མ་སྤྲད་པ། བསང་གསོལ། འཕྲིན་ལས་བཅོལ་བ་ཙམ་ལ་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་ཡོད་མ་རེད། ཡིན་ནའང་འཇིག་རྟེན་པའི་ལྷ་ལ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བཟུང་ནས་ཚོགས་ཞིང་ནང་དུ་བཞག དེ་བཞིན་འཇིག་རྟེན་ལས་འདས་པའི་ལྷ་དང་ཁྱད་མེད་དུ་བརྩིས་པ་ཡིན་ན་སྔོན་མ་ཡིན་ན་འདྲ།ད་ལྟ་ཡིན་ནའང་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་གསལ་པོ་རེད། ཡིན་ནའང་དེང་རབས་ཀྱི་དོལ་རྒྱལ་རྗེས་འབྲང་པ་ཚོས་སྲུང་མ་བསྟེན་ཕྱོགས་དེ་འཇིག་རྟེན་པའི་ལྷའི་བོར་བསྟེན་གྱི་ཡོད་དམ་འཇིག་རྟེན་ལས་འདས་པའི་ལྷའི་ངོ་བོར་བསྟེན་གྱི་ཡོད། ཁྱད་པར་མ་འབྱེད་པའི་ཐོག་ནས་ཁོ་རང་ཚོ་ཚང་མས་བླ་མའི་བཀའ་དང་འགལ་ནས་བསྟེན་གྱི་ཡོད་པ་ཡིན་སྟབས། སྐྱབས་འགྲོའི་བསླབ་བྱ་ཙམ་དུ་མ་ཟད། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་ཡང་འགལ་བ་ཤ་སྟག་རེད།

དོལ་རྒྱལ་རྗེས་འབྲང་པ་ང་ཚོས་ཤེས་པ་ཚང་མ། དཔེར་ན་དབྱིན་ལན་ལ་ཡོད་པའི་དགེ་བཤེས་དང་། དེ་བཞིན་བླ་མ་སྤྲུལ་པའི་སྐུ་དོལ་རྒྱལ་རྗེས་འབྲང་པ་ཚོའི་མགོ་ཁྲིད་བྱེད་མཁན་ཚང་མ་ང་རང་ཚོས་མཐོང་ཆོས་མྱོང་གྱུར་ལ་ཚང་མས་༸རྒྱལ་དབང་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་ཙམ་དུ་མ་ཟད། སྔགས་ཀྱི་དབང་སོགས་ཞུ་མྱོང་མཁན་ཤ་སྟག་རེད། ཆོས་འབྲེལ་མེད་པ་ཧ་ལམ་ཡོད་མ་རེད། དེང་སང་མི་རབས་གསར་པའི་ནང་དུ་ཆོས་འབྲེལ་མེད་མཁན་ཉུང་ཤས་མ་གཏོགས་སྔོན་མ་ཚང་མ་ཆོས་འབྲེལ་ཡོད་པ་ཤ་སྟག་རེད། ཆོས་འབྲེལ་ཡོད་པ་དེ་ཚོས་བླ་མའི་བཀའ་དང་འགལ་ནས་བསྟེན་འོང་དུས། བསྟེན་སྟངས་ཡང་འཇིག་རྟེན་པའི་ལྷའི་ངོ་བོར་བྱས་ནས་བསྟེན་གྱི་ཡོད་ན་འདྲ།འཇིག་རྟེན་ལས་འདས་པའི་ལྷའི་ངོ་བོར་བྱས་ནས་བསྟེན་གྱི་ཡོད་ནའང་འདྲ། དེ་ཚོ་ཚང་མ་ལ་ཁྱད་པར་ཡོད་མ་རེད།བླ་མའི་བཀའ་བཅགས་པའི་དབང་གིས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་འགལ་བ་ཡིན་སྟབས། ནང་པའི་ཆོས་ཡོངས་རྫོགས་དང་འགལ་གྱི་ཡོད། དེས་ན་སྐྱབས་འགྲོའི་བསླབ་བྱ་འགལ་བ་དེ་བཤད་མི་དགོས་པ་རེད།དོལ་རྒྱལ་དཀའ་རྙོག་ཤུགས་ཆེན་པོ་ཟེར་བ་དེ་སྒྲོ་བཏགས་ཙམ་རེད་མ་གཏོགས་དངོས་དོན་ལ་དེ་ཙམ་ཤུགས་ཆེན་པོ་ཡོད་རེད་བསམ་པ་མེད། དཔེར་ན་སྐྱབས་མགོན་རིན་པོ་ཆིབས་བསྒྱུར་སྐབས་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། ཨོ་སི་ཊོ་ལི་ཡ་ལ་ཁོ་ཚོ་ངོ་རྒོལ་བྱེད་མཁན་འགའ་ཤས་ཡོང་གི་ཡོད་པ་རེད། དེ་ཚོ་ནི་ཁོ་རང་ཚོའི་འཚོ་ཐབས་རེད། ལྷ་ལ་ཡིད་ཆེས་བྱས་ནས་དོལ་རྒྱལ་ལ་སྲུང་སྐྱོབ་བྱེད་རྒྱུའི་དོན་དུ་ཡོང་བ་ཧ་ལམ་ཡོད་རྒྱུ་མ་རེད། ཁོ་རང་ཚོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕོགས་སྤྲད་བཞག་པའི་མི་ཤ་སྟག་ཡིན་དུས། ཕོགས་སྤྲད་མཁན་དེས་ག་རེ་བྱེད་དགོས་ཟེར་ན་དེ་བྱེད་དགོས་ཀྱི་རེད། དེ་ཁོ་རང་ཚོའི་འཚོ་ཐབས་མ་བརླག་པའི་དོན་དུ་བྱེད་སྡོད་ཀྱི་ཡོད་རེད་མ་གཏོགས་དོལ་རྒྱལ་གྱི་གནད་འགག་ཤེས་ནས་དོལ་རྒྱལ་ཞེ་པོ་གཅིག་ཡིན་བསམ་ནས་ཡོང་མཁན་ཧ་ལམ་ཉུང་ཉུང་རེད་བསམ་གྱི་འདུག རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱིས་རྒྱབ་སྐྱོར་ཇི་སྲིད་ཀྱི་བར་དུ་ཡོད་པ་དེ་སྲིད་དུ་ཁོ་ཚོས་ལས་ཀ་དེ་མ་བྱེད་རང་བྱེད་རེད། དཔལ་འབྱོར་རྒྱབ་སྐྱོར་དེ་རྒྱུན་གནས་ཐུབ་པ་ཞིག་ཡོང་བའི་གནས་སྟངས་ཁག་པོ་ཞེ་དྲག་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁོ་རང་ཚོར་ཁེ་ཕན་ཡོད་པ་དེ་སྲིད་དུ་བེད་སྤྱོད་གཏོང་གི་རེད། ཁེ་ཕན་མེད་པའི་ཉིན་མོ་དེར་ཁོ་ཚོས་བསྡུ་གསོག་རྒྱག་གི་རེད། དེ་ཡིན་ཙང་། ད་ལྟའི་གནས་སྐབས་ལ་རྒྱུན་རིང་པོ་ཞེ་པོ་གཅིག་གནས་རྒྱུའི་གནས་སྟངས་ཡོད་མ་རེད། དེ་འདྲ་ཡིན་ཙང་ང་རང་ཚོའི་ངོས་ནས་བླང་དོར་ཞུ་དགོས་པའི་གནད་འགག་གཙོ་བོ་ག་རེ་རེད་ཟེར་ན། ང་རང་ཚོའི་གདན་ས་ཁག་གིས་མཚོན་པའི་ཆོས་སྡེ་ཆེན་པོ་རྣམས་དང་། ༸སྐྱབས་མགོན་རིན་པོ་ཆེར་དད་གུས་ཞུས་ནས་སྤང་བླང་ཞུ་མཁན་དེ་ཚོ་བརྟན་པོར་བྱས་ནས་བསྡད་ཐུབ་རྒྱུ་དང་། ལྷག་པར་དུ་གདན་ས་ཆེན་པོ་དེ་ཚོའི་ནང་བསྐྱར་དུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དང་འབྲེལ་བ་མ་ཆགས་པའི་དོན་དུ་དོགས་ཟོན་གནང་དགོས་རྒྱུ་དང་། བསྐྱར་དུ་བསྟེན་མི་ཡོང་བའི་དོན་དུ་དོགས་ཟོན་གནང་དགོས་པ་དེ་གལ་ཆེན་པོ་རེད། ཁོ་རང་ཚོས་གཅིག་བྱེད་བསྡད་པ་དེ་ཚོར་ང་ཚོས་གཅིག་ལན་གཉིས་ལན་རྒྱག་དགོས་པ་གང་ཡང་ཡོད་མ་རེད།སྙིང་རྗེའི་ཡུལ་དུ་གྱུར་བ་ཤ་སྟག་རེད་མ་གཏོགས་ཁོ་ཚོས་ཞེ་པོ་གཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། དེ་བཞིན་དོལ་རྒྱལ་མི་བསྟེན་མཁན་ཚོར་ཐོས་བསམ་སློབ་གཉེར་ལ་གནོད་སྐྱོན་ཡོང་བའི་ཉེན་ཁ་གང་ཡང་མེད་པ་ཡིན་དུས་དེ་བཏང་སྙོམས་སུ་བཞག་ན་འགྲིག་པ་རེད། ཡིན་ནའང་བཏང་སྙོམས་བཞག་ཟེར་དུས་ཁོ་ཚོས་སྐྱག་རྫུན་བཤད་པ་དེ་ཚོ་བདེན་པ་མ་ཡིན་པའི་གནས་སྟངས་དེ་ང་ཚོས་བཤད་དགོས་པ་རེད། ཡིན་ནའང་ཁོ་ཚོའི་མཉམ་དུ་རྒྱག་རེས་རྒྱག་དགོས་པ་དང་ཁོ་ཁྲོ་ལངས་དགོས་པ་དེ་འདྲ་གནད་འགག་གང་ཡང་ཡོད་མ་རེད་བསམ་གྱི་འདུག ཡིན་པའི་གནས་ཚུལ་དང་། མ་ཡིན་པའི་གནས་ཚུལ། རྫུན་ག་རེ་ཤོད་ཀྱི་ཡོད་རེད། བདེན་པ་ག་རེ་ཤོད་ཀྱི་ཡོད་རེད། དེ་ཚོ་ངོ་སྤྲད་དེ་འཇིག་རྟེན་གྱི་སྤྱི་ཚོགས་མགོ་མ་འཁོར་བའི་དོན་དུ་དུས་ནས་དུས་སུ། ལྷག་པར་དུ་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་ཆོས་ཚོགས་སྤྱི་དང་། ལྷག་པར་དུ་རི་བོ་དགེ་ལྡན་པའི་ཆོས་ཚོགས་དེ་ཚོས་རང་རང་སོ་སོའི་ཆོས་ཚོགས་ཀྱི་སློབ་མ་དེ་ཚོར་གནས་ཚུལ་དེ་ངོ་སྤྲོད་གནང་དགོས་རྒྱུ་དང་། དེ་ནས་ང་ཚོས་འདྲེས་ལྷད་མེད་པའི་གནས་ཚུལ་གསལ་པོར་བཟོ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག

 

དྲི་བ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག སྔར་དོལ་རྒྱལ་བསྟན་གསོལ་བྱེད་མཁན་ཞིག་གིས་ཕྱིས་སུ་དོལ་རྒྱལ་གྱི་ངོ་བོ་དམ་སྲི་འབྱུང་པོ་ཡིན་པོ་ངེས་རྙེད་སྐབས་བླང་དོར་ཚུལ་བཞིན་བྱེད་ཚེ་རང་གི་ཁས་བླངས་དང་དམ་ཚིག་ལ་འགལ་བའི་ཉེས་པ་བྱུང་ངམ། ཡང་ན་དེ་ལས་བཟློག་པའི་དགེ་མཚན་ཆེ་བ་གང་ཡོད། རིན་པོ་ཆེ་མཆོག་ནས་དོལ་རྒྱལ་སྤང་བླང་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་ཞིག་གནང་རོགས།

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ།  གཙོ་བོ་༸རྒྱལ་བ་ལྔ་པ་ནས་གཟུང་ཏེ་དགེ་ལུགས་པ་དང་ཆོས་བརྒྱུད་ཁག་གི་བླ་མ་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་གིས་རྒྱུ་སྨོན་ལམ་ལོག་པ་ལས་བྱུང་བ། ངོ་བོ་དམ་སྲི་ཡིན་པ། བྱེད་ལས་བསྟན་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་པ་དེ་འདྲའི་ངོས་འཛིན་གནང་བ་ཙམ་མ་ཟད། ང་ཚོས་ཕྱི་མིག་ཞིག་བལྟས་པ་ཡིན་ནའང་དེའི་མཇུག་འབྲས་དེ་ད་བར་མི་གསོད་ཁྲག་སྦྱོར་དང་ནང་ལོགས་དཀྲུག་ཤིང་ཆོས་བརྒྱུད་བར་མི་མཐུན་པ་ཡོང་བ་ཞིག་དངོས་ཡོད་གནས་ཚུལ་ཐོག་ནས་ར་འཕྲོད་གསལ་པོ་ཞིག་ཡོད་རེད། དེས་ན་དེ་འདྲའི་གྲུབ་འབྲས་ཐོག་ནས་དམ་སྲི་དེ་འདྲ་ཞིག་ཡིན་པར་མ་ལྟོས་ནས་ལོག་པའི་ལམ་ལ་བསྐྱོད་སྡོད་མཁན་ཞིག་ཡིན་ཙ་ན། ལོག་པའི་ལམ་ལ་མ་ཞུགས་པར་ཡང་དག་པའི་ལམ་ལ་ཞུགས་ནས་བླང་དོར་ཚུལ་བཞིན་དུ་བྱས་པ་ཡིན་ན། དེ་ངོ་མར་དཔེར་ན་རྒྱལ་དབང་རིན་པོ་ཆེས་སྔ་ཕྱི་བར་གསུམ་ལ་ཡང་དག་པའི་རིགས་པའི་ལམ་དང་དངོས་ཤུགས་བརྒྱུད་གསུམ་གྱིས་བརྟག་དཔྱད་ལེགས་པར་བྱས། མ་ཟད་ཕྱི་ནང་གསང་གསུམ་གྱིས་བརྟག་དཔྱད་ལེགས་པར་བྱས། མ་ཟད་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་དང། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་པ་གཉིས་ཀར་འདི་འདྲ་ཞིག་བརྟག་དཔྱད་བྱས་པ་ཡིན། གང་འདྲ་འདུག་ཅེས་བཀའ་འདྲི་ཞུས་པའི་སྐབས་འགྲིག་བཞག་འཐུས་བཞག་དངོས་གནས་ནོར་འཁྲུག་སྤུ་ཙམ་ཡང་ཡོད་མ་རེད་ཅེས་བཀའ་བཟང་པོ་ཐོབ་ནས་དེ་འདྲའི་གནང་བཞག་པ་ཞིག་རེད།

དེར་བརྟེན་དངོས་ཡོད་གནས་ཚུལ་ཐོག་ནས་བལྟ་ཡོང་དུས་ཆོས་བརྒྱུད་ཕན་ཚུན་བར་མཐུན་ལམ་དང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་བསྡད་པ། དེ་བཞིན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་དེ་ཕྱི་གཙང་ནང་གཙང་ཡག་པོ་ཞིག་གནས་ཐུབ་པ། ད་ལྟ་བར་༸རྒྱལ་བ་རིན་པོ་ཆེས་བསྟེན་ན་ཡག་པོ་མི་འདུག་ཅེས་བཀའ་གནང་བ་ལས་བཙན་བཀག་གནང་ཡོད་མ་རེད། དེ་ཡང་༸རྒྱལ་བ་རིན་པོ་ཆེས་བཀའ་གནང་པ་རེད་ཟེར་བ་ཙམ་མིན་པར་སོ་སོའི་ངོས་ནས་བརྟག་དཔྱད་ལེགས་པར་བྱས་ནས་ད་ལྟའི་བར་ཉུང་ཤས་མ་གཏོགས་ཚང་མ་ཡང་དག་པའི་ལམ་ལ་སྐྱོད་བཞིན་པ་རེད། དེང་སང་ཡང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བཀའ་དེ་ཞེ་པོ་གཅིག་བརྩི་དགོས་ཀྱི་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེར་སྨད་ར་གཏང་གི་ཡོད་རེད། གནས་ཚུལ་དེའི་ཐོག་ངས་ཁུངས་དང་ལུང་གསལ་པོ་གོ་བྱུང་། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སེར་ར་ལ་ཆིབས་བསྒྱུར་གནང་འདུག སྐབས་དེར་སེར་སྨད་སྤོ་འབོར་ཁམས་ཚན་དུ་ཆིབས་བསྒྱུར་གནང་ནས་སེར་སྨད་སྤོ་འབོར་ཁམས་ཚན་གྱི་གྲྭ་བ་རྒན་པ་འགའ་ཤས་ཤིག་ཡར་ཤོག་ཟེར་ནས་བཀའ་གནང་འདུག ༸སྐྱབས་མགོན་རིན་པོ་ཆེས་དེ་འདྲའི་བཀའ་གནང་གི་ཡོད། སེར་སྨད་སྤོ་འབོར་ཁམས་ཚན་སྲུང་མ་གཙོ་བོ་དེ་རྒྱལ་ཆེན་མ་རེད་ད། ཨ་ཕྱི་ཆོས་ཀྱི་སྒྲོལ་མ་རེད། ༸རྒྱལ་བ་རིན་པོ་ཆེས་བཀའ་དེ་འདྲ་ཞིག་གནང་འོང་དུས་ཙ་ན། ད་ཁྱོད་རང་ཚོས་དོལ་རྒྱལ་མཚམས་འཇོག་བྱས་ན་ཡག་པ་མ་རེད་དམ་ཅེས་ཏན་ཏན་བཀའ་གནང་འདུག དོལ་རྒྱལ་ཞེ་པོ་གཅིག་ཡིན་མདོག་གིས་རྒྱལ་དབང་རིན་པོ་ཆེར་སྨད་ར་གཏོང་བ་ཞེ་པོ་གཅིག་བྱས་པ་ཡིན་ན་དམྱལ་བ་མནར་མེད་ནང་འགྲོ་བྱེད་ཅིག་རེད་བསྡད་ཡོད་རེད་ད། ཁྱོད་རང་ཚོས་གཟབ་གཟབ་མ་གནང་ན་ཡག་པོ་རྩ་བ་ནས་ཡོད་མ་རེད་ཅེས་བཀའ་ནན་པོར་ཞེ་པོ་གཅིག་གནང་འདུག བཀའ་གནང་སའི་གྲྭ་བ་རྒན་པ་ཞིག་ད་ལྟ་བཞུགས་ཡོད་རེད། དེ་དངོས་གནས་དཔང་རྟགས་ཞེ་པོ་གཅིག་རེད་བསམ་གྱི་འདུག དེ་ཡིན་ཙང་སྐྱབས་རྗེ་རིན་པོ་ཆེ་ཞེ་པོ་ཞིག་ཡིན་ཟེར་ནས་༸རྒྱལ་བ་རིན་པོ་ཆེར་ཟུར་ཟ་གནང་བ་དེ་ལ། དེ་འདྲའི་ཐོག་ནས་དཔང་རྟགས་ཡག་པོ་ཞིག་ཡོང་གི་འདུག་བསམ་གྱི་འདུག མདོར་ན་དོལ་རྒྱལ་བསྟེན་ན་ལོག་པའི་ལམ་ལ་འགྲོ་བ་རེད།

གནས་ཚུལ་དེ་ཡང་རིགས་པ་དང་རྒྱུ་མཚན་མང་པོ་ཞིག་ཐོག་ནས་རེད། སྤང་བླང་ཚུལ་བཞིན་བྱས་པ་ཡིན་ན་སོ་སོར་རང་ཉིད་ལ་ཆ་བཞག་ནའང་ཡག་པོ་བྱུང་བཞག སྐལ་བ་བཟང་པོ་བྱུང་འདུག་བསམ་ནས་བློ་བདེ་དགོས་པ་ཞིག་ཡོང་གི་འདུག དེས་ན་དེ་འདྲའི་ཐོག་ལ་ཚང་མས་དགོངས་པར་བཞག་རོགས་གྱིས་ཞུ་རྒྱུ་ཡིན། སྤྱིར་བཏང་ནས་བརྒྱ་ཆ་དགུ་བཅུ་གོ་དགུ་དང་ལྷག་གིས་སྤང་བླང་ཚུལ་བཞིན་དུ་བྱས་ནས་དངོས་གནས་གཞན་དང་མི་འདྲ་བར་གུས་བཀུར་འོས་པ་ཞིག་ཆགས་བསྡད་ཡོད་རེད། ༸རྒྱལ་བ་རིན་པོ་ཆེས་མཛད་པ་རླབས་པོ་ཆེ་ཞིག་མཛད་ཡོད་རེད། དེའི་རྗེས་སུ་འཇུག་མཁན་ཚོར་ཐུགས་རྗེ་ཆེ་ཞུ་བ་དང་། ད་ལྟ་ཉུང་ཤས་ཤིག་ཡོད་རེད། དེ་ཚོའི་དགེ་བཤེས་དང་བླ་མ་གཙོ་བོ་ཆེ་ཁག་དབང་གནང་མཁན་དེ་ཚོས་ཏོག་ཙམ་དགོངས་པ་བཞེས་ཐུབ་ན་ཡག་པོ་འདུག་བསམ་གྱི་འདུག ༸རྒྱལ་བ་རིན་པོ་ཆེས་སྐུ་ལས་གང་འདྲ་བསྐྱོན་པ་དེ་བརྗོད་མི་དགོས་པ་རེད། དེའི་ཐོག་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་དབང་ལུང་མན་ངག་གང་འདྲ་ཞིག་ཞུས་ཡོད་པ་དེ་ངས་ཞུ་མི་དགོས་པ་རེད། དེ་ནས་མང་ཆེ་བས་དགེ་སློང་གི་སྡོམ་པ་ཞུས་ཡོད་རེད། དེ་ནས་དབང་བསྐུར་རྒྱུད་བཤད་མན་ངག་གནང་ཚར་བ་ཞིག་ལ་མཚན་སྨོས་དེ་འདྲ་ཞིག་གནང་བ་དེ་དམྱལ་བ་མནར་མེད་ནང་འགྲོ་བའི་རྒྱུ་ཡིན་པས་རྣམ་པ་ཚོས་ལོག་པའི་ལམ་ལས་ཐར་ཅིང་ཡང་དག་པའི་ལམ་ལ་སྐྱོད་ཐུབ་པ། ༸རྒྱལ་བ་རིན་པོ་ཆེར་དགོངས་དག་ཐུགས་བདེན། ང་ཚོས་ནོར་བཞག སྔ་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་སྡོམ་སེམས་ལྡན་པའི་སྒོ་ནས་དམྱལ་བར་འགྲོ་མི་དགོས་པ་ཞིག་གནང་ཐུབ་ན། དེ་ངོ་མ་ངས་དགེ་སྐུལ་འདྲ་ཞིག་བྱས་ཡོད་པས་རྣམ་པ་ཚོས་ཐུགས་ལ་བཞག་ནས་ལག་ལེན་དུ་འཁེལ་ཐུབ་པ་ཞིག་སྐྱབས་འཇུག་གནང་རོགས་གནང་ཞུས་པ་ཡིན།

 

དྲི་བ། མཁན་རིན་པོ་ཆེ་མཆོག་གིས་དེ་སྔ་དོལ་རྒྱལ་དང་འབྲེལ་བ་བྱུང་ཡོད་དང་མེད། མེད་ན་རྒྱུ་རྐྱེན་གང་གིས་བསྟན་མ་གནང་པ་དང། ཡོད་ན་ཇི་ལྟར་མཚམས་བཞག་གནང་སྐོར་གསུངས་རོགས་གནང་།

སྒོ་མང་མཁན་པོ།  སྤྱིར་བཏང་ང་དང་པོར་འབྲེལ་བ་ཡོད་ཟེར་ན་ཕལ་ཆེར་འགྲིག་གི་རེད་བསམ་གྱིན་འདུག ང་གྲྭ་བ་བྱ་སའི་དགོན་པ་དེ་སྟག་ཚང་ལྷ་མོ་རེད།དགོན་པ་སྤྱི་ཡོངས་ཆ་ནས་བསྟེན་པ་རེད། ང་ཡང་ཆ་མཉམ་འདྲ་པོ་བྱས་ནས་འགྲོ་བསྡད་པ་རེད། ཚེས་པ་གཉིས་ལ་ཟླ་རེའི་བསང་གསོལ་དེ་ཚོ་མ་ཆད་པར་ང་ཚོ་འགྲོ་དགོས་ཀྱི་ཡོད་རེད། དེ་དུས་འབྲེལ་བ་ཡོད་པའི་ཟོལ་འདྲ་རེད། རྗེས་ནས་ལྷ་སར་སླེབས་དུས་རང་བཞིན་ཐོག་འགག་སོང་བ་རེད། ཡ་འདྲ་བྱས་མེད། ཡ་བྱེད་ཟེར་ན་བསྐང་གསོ་བཏང་རྒྱུ་ཅི་གང་མེད། ཐུབ་ཀྱི་ཡང་མི་འདུག འདྲ་མིན་བྱས་བསྡད་ན་ཁུངས་མི་འཁྱོངས་བཞག་ན་དགའ་ས་རེད་བསམས་ནས་བཞག་པ་ཡིན། རང་ལོ་བཅུ་དགུའི་སྐབས་ང་རྒྱ་གར་ལ་སླེབས་པ་རེད། དེ་ནས་སྦག་སར་བསྐང་གསོ་དང་ཚོགས་གཏོང་མཁན་ཟོལ་འདྲ་དམིགས་བསལ་གྱིས་མང་པོ་ཞིག་བྱས་ཀྱི་འདུག གཅིག་ཀྱང་མ་ཕྱིན། ཁྱོན་ནས་ས་ཕྱོགས་དེར་འགྲོ་འདོད་ཁོ་རང་མ་བྱས། དེ་ནས་དེའི་སྐོར་༸སྐྱབས་མགོན་རིན་པོ་ཆེས་གསུང་བཤད་མང་པོ་ཞིག་གནང་། ཁོ་རང་གི་ཁུངས་དང་ལུང་དེ་ཚོར་ཕར་བལྟས་ཡོང་དུས་དོགས་པ་ཟ་དགོས་ས་ཞིག་དང་རྙོག་དྲ་ཅན་ཞིག་ཡིན་པ་བསྟེན་ན་འགྲིག་གི་ཡོད་པ་མ་རེད་བསམས་པ་ཞིག་བྱུང་། དེའི་དུས་ཞེ་དྲག་ཁུངས་ལུང་མི་ཤེས།དེ་ནས་རིམ་པས་ཁུངས་ལུང་དང་པོ་གང་འདྲ་བྱུང་བ་ཡིན་ན་བསམ་པ་འདྲ་པོ། ༸སྐྱབས་མགོན་རིན་པོ་ཆེས་གཅིག་གསུང་བསྡད་དུས་སྒང་ལ་ཁོའི་ངོ་བོ་དང་བྱེད་ལས་དེ་ཚོར་རིམ་བཞིན་གཅིག་བལྟས་ཡོང་དུས་ཁོ་ཏན་ཏན་རྙོག་དྲ་ཅན་ཞིག་རེད་འདུག བསྟེན་ན་མི་འགྲིག་པ་ཞིག་ཏན་ཏན་ཧ་གོ་སོང་། དེ་ནས་གང་ན་ཡིན་ན་བསྟེན་པའི་རྩོལ་བ་འདྲ་ཞིག་གཏན་ནས་བྱས་མེད། དེའི་དུས་གྲྭ་ཚང་སོ་སོ་ནས་དེ་འདྲ་ཡོད་མ་རེད།

རྗེས་གྲྭ་ཚང་སོ་སོར་༸སྐྱབས་མགོན་རིན་པོ་ཆེས་ཡང་ཡང་བཀའ་གནང་བ་ཡིན་སོང་ཙང་ཞིབ་འཇུག་འདྲ་བྱས་ནས་རྒྱུ་མཚན་ཁུངས་ལུང་འདྲ་འཚོལ་དུས་ངེད་ཚོ་གྲྭ་ཚང་ལ་ཆ་བཞག་ན་ད་ཕྱིན་ཆད་བསྟེན་གྱི་མིན་ཞེས་པའི་དམ་བཅའ་འམ་གནའ་བསྐྱལ་ཐོར་བཙུགས་འདྲ་བྱས། ས་ཡིག་བརྒྱབས། མཚམས་འཇོག་གཙང་མ་བྱས་པ་ཡིན། ངའི་གནས་སྟངས་ངོ་མ་དེ་འདྲ་ཞིག་རེད། དེའི་རྗེས་ནས་སྟག་ཚང་ལྷ་མོ་དགོན་པའི་སྤྱིའི་ཆ་ནས་བསྟེན་གྱི་ཡོད་ཙང་། ང་ཚོ་སྟག་ཚང་ལྷ་མོ་དགོན་ལ་གྲྭ་བ་ཕལ་ཆེར་བཅུ་གཉིས་ཡོད། སྐད་ཆ་བྱས། ཁོ་ཚོ་ལ་འབྲེལ་བ་བྱས། ཡི་གེ་ཁག་གསུམ་བཞི་མར་བཏང་བ་ཡིན། དང་པོར་སོ་སོའི་ངོ་ཤེས་པ་ཚོར་ཕན་ས་མི་འདུག་ལབ་ཡིན། ཁོ་ཚོས་ཕར་སྒྲོག་པ་སོགས་བྱ་ཐུབ་ཀྱི་འདུག དེ་ནས་དགོན་པ་སོ་སོར་རྒྱ་མིས་བཙུགས་པའི་ཚོགས་པ་དོ་དམ་ཁང་ཟེར་བ་ཞིག་འདུག དེར་བཏང་བ་ཡིན། ཡི་གེ་འབྱོར་འདུག ཁོ་ཚོས་སྐད་ཆ་ཞིག་ཀྱང་བྱུང་འདུག ཡིན་ནའང་ཁོ་ཚོས་ཕར་བཤད་ཚུར་བཤད་གཅིག་གིས་རེ་ཞིག་ཏོག་ཙམ་མཚམས་འཇོག་བྱ་བའི་ཐག་ཆོད་མི་འདུག ཚང་མས་དགོན་པ་བདེ་འཇགས་ཡོང་པའི་བསམ་བློ་དགོས་རེད་ད་ཟེར་བ་འདྲ་པོ། ཏོག་ཙམ་ཁག་ཡོད་ས་མ་རེད། ནང་ལོགས་ནས་འགའ་ཤས་ཀྱིས་རྩ་བ་ནས་བསྟེན་གྱི་མི་འདུག ང་ཚོའི་དགོན་པའི་སྲུང་མ་ངོ་མ་དེ་དོལ་རྒྱལ་ཁྱོན་ནས་མ་རེད། ང་ཚོའི་དགོན་པ་འདེབས་མཁན་ཁྲི་བ་རྒྱལ་མཚན་སེང་གེ་རེད།དེས་བཅའ་ཡིག་ཞིག་བརྩམས་ཡོད་རེད། དེའི་འདབས་ན་མགོན་པོའི་ཐང་ཀ་ཞིག་ཡོད་རེད། དེའི་བར་ལ་དེ་འདྲ་ཞིག་ཆགས་འདུག དེ་ག་རེ་ཡིན་ན། དང་པོར་ཨ་ལགས་ཁ་ཆེ་ཟེར་བ་རྒྱ་བོ་ཞིག་ཡོད་རེད། དང་པོར་ཚང་མས་རྣམ་རྟོག་བྱེད་ས་འདྲ་ཞིག བར་སྐབས་རྐྱེན་རྩ་དེས་བསྟེན་མཁན་འདྲ་ཆགས།

དེ་ནས་ཡེ་གེ་ཕར་བཏང་ཚུར་བཏང་བྱས། འབྲེལ་བ་གང་འཚམས་བྱས་པ་ཡིན་ཏེ། མཁྲེགས་པོ་འདྲ་ཆགས་ཡོང་པས། དེའི་ནང་ཆབ་སྲིད་འདྲེས་ཀྱི་མིན་འགྲོ། དེ་འདྲའི་ངང་ནས་ཏོག་ཁག་པོ་འདྲ་ཆགས་ཡོང་གི་འདུག དེ་ནས་ཡང་ཡང་འབྲེལ་བ་བྱས་པ་ཡིན། རྗེས་ནས་དེབ་སེར་པོ་དགེ་ལུགས་སྤྱི་ཡོངས་ཀྱིས་བརྩམས་པ་དེ། དེ་མཁན་པོར་གཅིག་བསྐུར་བ་ཡིན། དེའི་ཤུགས་རྒྱག་མཁན་ཨ་ལགས་ཤིག་ཡོད་རེད། ཆོས་སེང་གེ་ཟེར་བ་ཞིག ཤུགས་རྒྱག་མཁན་གཙོ་བོ་འདྲ་དེ་རེད། ཁོར་གཅིག་བཏང་ཡིན། ཁག་པོ་འདྲ་འདུག འདི་བྱས་འདི་མིན་གང་ཡང་མི་འདུག འབྱོར་ནི་འབྱོར་ཡོད་ས་རེད། སྔོན་མར་འབྲེལ་བ་བྱེད་སྟངས་གནས་སྟངས་དེ་འདྲ་རེད། སོ་སོས་གང་ཐུབ་བྱས་ཀྱང་བར་སྐབས་ཁག་པོ་འདྲ་ཡོང་གི་འདུག ཁྱེད་རང་གིས་དགོན་པ་དང་གྲོང་པ་ལ་རྒྱབ་བསྟན་གྱི་འདུག་ཅེས་དེ་འདྲ་ཡང་ཡར་སླེབས་ཡོང་གི་འདུག ང་རང་གི་གནས་སྟངས་དེ་གཙང་མ་གཙང་རྐྱང་འདྲ་པོ་དེ་འདྲ་ཡིན།གྲྭ་ཚང་ནས་མགོན་པོའི་མདུན་དུ་མནའ་བསྐྱལ་ས་ཡིག་བརྒྱབས། དེས་མ་ཟད་དོལ་རྒྱལ་ཚོགས་པ་དང་དེ་དང་འབྲེལ་ཡོད་ཚོར་ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་ཀྱི་མིན་ཟེར་ས་ཡིག་བརྒྱབས་གནའ་བསྐྱལ་ཟིན་པ་རེད།

སྤྱི་ཡོངས་ནས་ང་ཚོས་ཤུགས་རྒྱག་དགོས་པ་དེ་གལ་ཆེན་པོ་ཡིན་ས་རེད། ཐབས་ཤེས་གང་དྲག་གི་སྒོ་ནས་རེད། ཁོར་བསྟེན་ན་མི་འགྲིག་པ་ཞིག་ཏན་ཏན་རེད་ཤག ང་ཚོའི་ཕ་ཡུལ་ནས་བསྟེན་མཁན་བླ་རྒན་དང་མི་རྒན་པ་ཚོའི་ཞལ་ནས་མར་གསུངས་འོང་དུས་གནོད་པ་སྐྱེལ་པའི་སྐོར་མང་པོ་ཞིག་མ་གཏོགས་ཕན་འདོགས་པའི་སྐོར་རྩ་ནས་བཤད་རྒྱུ་ཡོད་མ་རེད།༧རྒྱལ་དབང་རིན་པོ་ཆེས་གནས་ཚུལ་འདི་འདྲ་ཞིག་རེད་འདུག་གསུངས་པ་མ་གཏོགས་ཡིན་གཅིག་མིན་གཅིག་མཚམས་འཇོག་དགོས་གསུངས་ཡོད་མ་རེད། གནས་ཚུལ་ཤེས་པའི་ཐོག་ནས་ག་རེ་བྱ་དགོས་ས་རེད་བལྟ་དགོས་པ་རེད། དེ་རེད་ཀྱང་རེད་བ། དེས་ན་བསྟེན་ན་འགྲིག་གི་མི་འདུག་བསམ་པ་ཞིག་ཏན་ཏན་འདུག བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན།། ཞེས་པ་བཞིན་བསྟན་པ་དང་འགྲོ་བ་ལ་འཚེ་བ་དང་གནོད་པ་བྱེད་མཁན་ཞིག་རེད་ཅེས་གསུངས་འདུག་ག དེ་ནང་བཞིན་ཕལ་ཆེར་རེད། དེའི་ནང་འདི་བྱ་དགོས་ཞེས་ང་ལ་ལམ་སྟོན་གང་ཡང་ཐུབ་ཀྱི་མི་འདུག ང་ཚོ་དགེ་ལུགས་སྤྱི་ཡོངས་ཆ་ནས་གདན་ས་ཚོ་ནང་བཞིན་མནའ་བསྐྱལ་ཐོ་བཙུགས་བྱས་ནས་ཕྱིན་ཆད་ནས་དེ་དང་འབྲེལ་བ་རྩ་ནས་བྱེད་ཀྱི་མིན་ཅེས་རྒྱུ་མཚན་སོ་སོས་མཐོང་པའི་སྟེང་ནས་ཐབས་ཤེས་འདྲ་བཟོ་ཐུབ་ན་རྗེས་མར་རེ་བ་རྒྱག་ཐུབ་ཀྱི་རེད་བསམ་གྱི་འདུག དེ་མ་གཏོགས་ཏོག་ཁག་པོ་འདྲ་འདུག ཁ་ཤས་ཀྱིས་འདྲ་ཆགས་ཆགས་འདྲ་ཞིག་བྱས་ནས་དེ་གསུངས་པ་ཡིན་ཙང་འདྲ་ཟེར་གྱི་འདུག དེ་ཡག་པོ་མ་རེད། ངས་མཚམས་འཇོག་བྱས་པ་པ་དེ་༸སྐྱབས་མགོན་རིན་པོ་ཆེས་གསུངས་པ་ཙམ་མ་རེད། དེ་དགོས་པ་རྒྱུ་མཚན་མང་པོ་ཞིག་མཐོང་པའི་སྟེང་ནས་མཚམས་འཇོག་བྱས་པ་ཞིག་ཡིན་མ་གཏོགས་གཞན་དག་གང་ཡང་མིན། ཆོས་སེང་གེ་ཁོ་བསྟེན་མཁན་གཙོ་བོ་རེད། ང་ཚོ་དགོན་པའི་ནང་བསྟེན་ན་འགྲིག་གི་མི་འདུག་ཟེར་མཁན་མང་པོ་རེད། ཁོ་ཡང་བསྟེན་མཁན་གཙོ་བོ་དེ་ཡིན་ཙང་དེབ་སེར་པོ་དེ་མཐོང་ན་ཁོས་དོལ་རྒྱལ་གྱི་འབྱུང་ཁུངས་དང་ངོ་བོ་བྱེད་ལས་ཚང་མ་གསལ་པོ་ཤེས་འགྲོ་གི་རེད་པ། ཆོས་སེང་གེ་ཟེར་བ་ཟླ་བ་གཅིག་སྔོན་ལ་སྙུང་གཞི་ཆེན་པོ་ཞིག་བཞེས་ནས་དགོངས་པ་རྫོགས་སོང་བ་རེད། 

དྲི་བ། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག།སྤྱི་ལོ་ ༢༠༠༨ ལོར་མང་མོས་ཀྱིས་དོལ་རྒྱལ་བསྟན་མཁན་དང་། མི་བསྟན་མཁན་དབར་ཆོས་དང་ཟང་ཟིང་གི་འབྲེལ་བ་མཚམས་འཇོག་བྱེད་པར་དོལ་རྒྱལ་རྗེས་འབྲང་པ་ཚོས་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དབྱེ་བྱེད་བྱེད་ཀྱི་འདུག་ཅེས་གཞི་མེད་སྐྱོན་བརྗོད་བྱེད་བཞིན་འདུག་པར་དེའི་སྐོར་མཁན་རིན་པོ་ཆེ་མཆོག་ནས་དགོངས་ཚུལ་གསུངས་རོགས་གནང་།

ཤར་རྩེ་མཁན་པོ།  ༢༠༠༨ ནས་དགེ་ལུགས་པའི་དགོན་སྡེ་གྲགས་ཅན་ཁག་ནས་ཆོས་འདུལ་བའི་འགྲོ་ལུགས་གཞིར་བཟུང་བྱས་ནས་དོལ་རྒྱལ་མུ་མཐུད་ནས་བསྟེན་པ་དང་ཡང་ན་མཚམས་འཇོག་བྱས་མིན་ཐོག་མང་མོས་ནས་འོས་འདེམས་བྱས་པ་རེད། དེའི་སྐབས་འདུས་མང་ལ་བརྒྱ་ཆ་བརྒྱ་སོ་སོར་རང་དབང་ཡོད་པའི་ཐོག་ནས་སོ་སོས་གང་འདོད་པ་དེ་འདེམས་སྒྲུག་བྱེད་རྒྱུ་བྱུང་ཡོད་པ་རེད། དེ་ལེགས་པར་གྲུབ་པའི་གྲུབ་འབྲས་རི་བོ་དགེ་ལྡན་པའི་དགོན་སྡེ་གྲགས་ཅན་ཁག་ནས་དགེ་འདུན་པ་བརྒྱ་ཆ་དགུ་བཅུ་གོ་གྲངས་ཀྱིས་དོལ་རྒྱལ་བསྟེན་གྱི་མིན། དེ་དང་དེའི་རྗེས་འབྲངས་དང་བཅས་པར་ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་ཀྱི་མིན་ཞེས་མ་བསྐུལ་དང་བླངས་ཐོག་རང་གིས་ཤེས་པའི་ཐོག་ནས་འདུས་མང་གིས་ཐག་གཅོད་བྱུང་བ་རེད། སྐབས་དེར་དོལ་རྒྱལ་མུ་མཐུད་ནས་བསྟེན་གྱི་ཡིན་༸གོང་ས་མཆོག་གིས་གསུང་པ་དེ་ཉན་གྱི་མིན་ཟེར་མཁན་ཉུང་ཤས་ཤིག་བྱུང་བ་རེད། དེ་དག་གིས་ཁོ་རང་ཚོའི་འདོད་པ་ལྟར་ད་ལྟ་ཡང་དོལ་རྒྱལ་བསྟེན་ནས་འགྲོ་གི་ཡོད་རེད། ཁོ་རང་ཚོས་མུ་མཐུད་ནས་བསྟེན་པ་དེ་ཆོས་དད་རང་མོས་ཟེར་ན་འདྲ། རང་གི་འདོད་པ་གང་ཡོད་ཕྱོགས་སུ་འགྲོ་བ་དེ་སྤྱི་ཚོགས་ལ་དར་ཡོད་པ་ཤིག་རེད། ཁོ་རང་ཚོ་ཟུར་དུ་ཐོན་ནས་འདོད་པ་ཡོད་པའི་ལས་ཀ་བྱེད་བཞིན་པ་རེད། དེའི་ཐོག་སྤྱིར་བཏང་འགྲོ་སྟངས་བྱས་ན་གཏམ་གླེང་ཡོང་བའི་གཞི་རྩ་མེད་པ་རེད།གཏམ་གླེང་ཡོང་བའི་རྒྱུ་རྐྱེན་གང་ཡང་ཡོད་པ་མ་རེད། ཡིན་ནའང་དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ཀྱིས་ཕྱི་ནང་ལག་འབྲེལ་བྱས་ནས་གཏམ་གླེང་གཞི་མེད་སར་ཆེད་མངགས་གཞི་བཟོས་སྟེ། བོད་མིའི་སྒྲིག་འཛུགས་དང་༸གོང་ས་མཆོག་གིས་ཁོ་ཚོར་དབྱེ་འབྱེད་བཟོ་གི་འདུག་ཟེར་བ་སོགས་འཆལ་གཏམ་མང་པོ་ཞིག་བརྒྱུད་ལམ་ཁག་ན་བཀྲམ་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེ་དག་གཞི་མེད་ཁོ་ན་ལས་གཞི་གཏན་ནས་མེད། བོད་གཞུང་གི་ངོས་ནས་སྔོན་མ་ནས་དབྱེ་འབྱེད་བཟོ་བཞག་པར་ར་འཕྲོད་ཐུབ་པ་གང་ཡང་ཡོད་མ་རེད་ལ། ཕྱིས་འབྱུང་ཡང་ཡོང་མི་སྲིད་པ་ཞིག་རེད། དེའི་སྐོར་ངས་ཞིབ་ཕྲ་བཤད་དགོས་པ་གང་ཡང་ཡོད་མ་རེད། བོད་མིའི་སྒྲིག་འཛུགས་ངོས་ནས་གསལ་བཤད་ཡང་ནས་ཡང་དུ་གནང་ཡོད་རེད། སྐུ་ངོ་སྲིད་སྐྱོང་དང་བདེ་སྲུང་བཀའ་བློན། སྤྱི་འཐུས་ལྷན་ཁང་གིས་གནང་ཡོད་རེད། དེ་དག་གསར་འགྱུར་བརྒྱུད་ལམ་མང་པོ་ནས་ཐོན་ཡོད་རེད། དེ་དག་བདེན་པ་ར་སྤྲོད་བྱ་རྒྱུ་ཡོད་པ། ཁོངས་ལྡན་མི་མང་གི་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་སའི་ལས་སྣེ་འགན་རྒྱ་ཆེན་པོ་ཁུར་མཁན་ཚོས་གཏམ་བཤད་གནང་བཞག་པ་རེད། དེ་ཚོར་ཡིད་ཆེས་དང་ཚད་འཛིན་བྱ་འོས་པ་རེད། དེས་ན་དོལ་རྒྱལ་རྗེས་འབྲངས་པ་ཚོས་བཤད་པ་དེ་དག་བདེན་ཆ་སྤུ་ཙམ་མེད་པར་གཞི་མེད་རང་ཡིན་པ་གསལ་པོར་ར་འཕྲོད་ཐུབ། སྤྱིར་འཛམ་གླིང་མི་མང་ཡོངས་དང་བོད་གཞིས་བྱེས་གཉིས་ཀྱི་མི་མང་ཚང་མས་དེར་ཡིད་ཆེས་བྱེད་ནས་འགྲོ་བསྡད་ཡོད་རེད། ཁོ་བོས་ཀྱང་དེ་བཞིན་ངོས་ལེན་ཡོད།

དེ་བཞིན་༸གོང་ས་མཆོག་གིས་མཁའ་ཁྱབ་སེམས་ཅན་ཐམས་ཅད་ལ་བུ་གཅིག་ལྟར་བརྩེ་བར་དགོངས་ནས་བྱང་ཆུབ་སེམས་ཀྱི་ཉམས་བཞེས་ཕུལ་དུ་བྱུང་གནང་མཁན་ཞིག་གིས་དུས་ནམ་ཡང་རང་ཕྱོགས་དང་གཞན་ཕྱོགས་དབྱེ་འབྱེད་ནམ་ཡང་གནང་མི་སྲིད་པ་ཞིག་རེད། རང་རང་སོ་སོའི་ལྟ་ཕྱོགས་ཀྱི་གནས་ཚུལ་བཤད་པ་ཙམ་རེད་མ་གཏོགས་དེ་ལ་བདེན་ཆ་ཡོད་པ་ཞིག་རྩ་བ་ནས་ངོས་ལེན་བྱ་ཐུབ་ཀྱི་མ་རེད། དེ་དག་བོད་མི་མང་དང་བོད་གཞུང་ངོས་ནས་ངོས་ལེན་ཞུ་ཐུབ་ཀྱི་ཡོད་མ་རེད། ང་ཚོ་དགེ་ལུགས་སྤྱི་ཡོངས་ནས་ཀྱང་ངོས་ལེན་ཞུ་ཐུབ་ཀྱི་མ་རེད། འཛམ་གླིང་མི་མང་སྤྱི་ཡོངས་ཐོག་ནས་ངོས་ལེན་ཞུ་ཐབས་ཡོད་མ་རེད། ང་ཤར་རྩེ་མཁན་པོའི་ངོས་ནས་དང་ཆོས་རིག་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ངོས་ནས་དང་། དགེ་ལུགས་སྤྱིའི་འགན་དབང་ཡོད་པའི་ཐོག་ནས་བསམ་བཞིན་དུ་རྟོགས་བཞིན་དུ་ཤེས་བཞིན་དུ་གསལ་བཤད་ཞུ་རྒྱུ་དེ་ཡིན།

རྩ་བའི་དོལ་རྒྱལ་སྐོར་༸གོང་ས་མཆོག་གིས་བཀའ་སློབ་སྔ་ཕྱི་རིམ་པ་མང་པོ་གནང་ཡོད་རེད། དེ་དག་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་བཀའ་སློབ་སྤུས་ཚད་མཐོ་པོ་རྡོ་རྗེའི་ཚིག་ནང་བཞིན་ཆགས་ཡོད་རེད།དེ་ཡང་གོང་ས་མཆོག་གིས་གཡམ་རྒྱུག་གནང་བ་མིན་པར་སྔར་གྱི་སྐྱེས་བུ་དམ་པ་དང་མཁས་པ་ཚད་ལྡན་ཚོས་ག་རེ་གནང་བ་དང་། སྔར་གྱི་ཡིག་ཆ་ཚད་ལྡན་ནང་ག་རེ་གསུང་ཡོད་པ་དེ་དག་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་ནས་བཀའ་སློབ་དེ་དག་གནང་པ་རེད། བཀའ་སློབ་དེ་དག་གནང་བའི་སྐབས་སྤྱི་ཚོགས་ནང་འཁྲུག་ཆ་ཆུང་ཆུང་དེ་འདྲ་ཡོང་གི་ཡོད་པ་གསལ་པོ་དགོངས་ཡོད་རེད། དེ་དགོངས་བཞིན་དུ་གལ་ཆེ་ས་ཞིག་ལ་ཕན་ཐོགས་ཡོད་པ། གནས་འགག་ཆེ་ས་ཞིག་ལ་བཀའ་སློབ་གནང་ན་དགེ་མཚན་ཡོད་པ་གཟིགས་ནས་དགོངས་པ་ཟབ་བཞེས་ཐོག་བཀའ་སློབ་དེ་དག་གནང་བ་རེད། བཀའ་སློབ་གནང་བ་དེ་དག་ང་ཚོའི་ངོས་ནས་གོང་ཞུས་ལྟར་རྡོ་རྗེའི་ཚིག་ནང་བཞིན་རེད། ཡིད་ཆེས་བརྒྱ་ཆ་བརྒྱ་ཞུ་འོས་པ། ཞུ་དགོས་པ།ཞུ་ཆོག་པ་དེ་འདྲ་ཆགས་ཡོད་རེད། དེས་ན་དེང་ཕྱིན་ཆད་དོལ་རྒྱལ་བསྟེན་གསོལ་མི་བྱེད་པ་ཚོས་མི་བསྟེན་པ་ཡིན་དུས་དེ་རྒྱུན་འཁྱོངས་དང་བསྲེས་ལྷད་མེད་པ་ཡོང་དགོས་པ་དེ་གལ་ཆེན་དང་། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ད་དུང་ཡང་སྒྲོ་འདོགས་མ་ཆོད་པ་ཡིན་ན་རི་བོ་དགེ་ལྡན་པ་སྤྱིའི་ངོས་ནས་ལུང་རིགས་གསེར་གྱི་ལྡེ་མིག་དེའི་ཐོག་ནས་ལུང་རིགས་ལོ་རྒྱུས་དང་བཅས་པར་ཞིབ་འཇུག་ཞིབ་ཅིང་ཕྲ་བ་བྱས་ནས་དཔར་བསྐྲུན་བྱས་ཡོད་རེད། དེ་གའི་ཐོག་ནས་གཟིགས་པ་ཡིན་ན་ཏན་ཏན་དོགས་པ་ཆོད་ཐུབ་པ་ཞིག་ཡོང་གི་རེད། དོགས་པ་ལེགས་པར་ཆོད་པའི་ཐོག་ནས་སྤང་བླང་མ་ནོར་བ། དོལ་རྒྱལ་དང་འབྲེལ་བ་མེད་པའི་ཐོག་ནས་ཉམས་བཞེས་དང་མི་ཚེ་བསྐྱལ་རྒྱུ་བྱུང་ན་བླ་མའི་བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ་ཐུབ་ཀྱི་རེད། དེ་བཞིན་སོ་སོའི་མི་ཚེའི་ལས་ཀ་བྱེད་པ་དེ་མ་ནོར་བ་ཞིག་ཡོང་གི་རེད།

དེ་ནས་ཇི་ལྟར་བཤད་ཀྱང་མི་ཉིན་པར་སོ་སོའི་དོལ་རྒྱལ་བསྟེན། དེ་ལ་འགྱུར་བ་མེད་པ་ཞིག་གནས་པ་ཞིག་ཡོང་སྲིད་པ་རེད། དེའི་རིགས་དེས་དོལ་རྒྱལ་བསྟེན་པ་དེ་ནོར་བ་རེད། ནོར་བ་དེ་ནོར་མ་རེད་ཅེས་ནམ་ཡང་ཞུ་ཐུབ་ཀྱི་མ་རེད། ནོར་བ་དེའི་ཐོག་ནོར་བ་གཉིས་པ་དང་གསུམ་པ་བཞི་པ་ནོར་བ་བྱེད་ནས་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་པ་དང་། རྒྱ་ཆེ་ས་ནས་བོད་ཀྱི་རྩ་དོན་ལ་གནོད་པ། བོད་མི་རིགས་རྡོག་རྩ་གཅིག་སྒྲིལ་དང་ལ་རྒྱ་ལ་གནོད་པའི་ལས་ཀ་བྱེད་པ་ཡིན་ན་བཅོས་ཐབས་མེད་པའི་ནོར་འཁྲུལ་ཆེན་པོ་ཞིག་ཆགས་ཡོང་གི་རེད། དེ་དག་མི་ཡོང་བར་དོལ་རྒྱལ་ཞེ་པོ་དམ་འཛིན་བྱས་ནས་བསྟེན་མཁན་ཚོས་ནོར་འཁྲུལ་གཅིག་པོ་དེས་མ་འཐུས་པ་མེད་པས་དེའི་སྟེང་ནོར་འཁྲུལ་མང་པོ་ཞིག་སྣོན་པ་མ་རྒྱབ་པ་བྱས་ནས་བོད་མི་གཅིག་སྒྲིལ་གྱི་ནུས་པ་དེ་འཐོར་ཞིག་མ་འགྲོ་བའི་ཐོག་ལ་གཅིག་གནང་པ་ཡིན་ན་ཡང་ཡག་པོ་ཡོད་རེད་བསམ་གྱི་འདུག དེ་ངས་འབོད་སྐུལ་ཞུས་པ་ཡིན།

 

དྲི་བ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག དོལ་རྒྱལ་རྗེས་འབྲང་པ་ཚོས་ཕྱི་རྒྱལ་མི་རིགས་རྣམས་ལོག་ལམ་དུ་འཁྲིད་ཆེད་ང་ཚོ་ལ་ཆོས་དད་རང་དབང་མེད་ཚུལ་དང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་སྐབས་ང་ཚོ་ལ་ཆོས་དད་རང་དབང་དགོས་ཞེས་སྐད་བཅོར་བརྒྱབ་བཞིན་འདུག་ན་མཁན་རིན་པོ་ཆེ་མཆོག་ནས་༸གོང་ས་མཆོག་གིས་དོལ་རྒྱལ་བསྟན་གསོལ་ཐད་བླང་དོར་བཀའ་སློབ་གནང་བ་དེས་ཆོས་དད་ལ་དོ་ཕོག་ཕྱིན་ཡོད་མིན་ཐད་གསལ་པོ་ཞིག་གསུངས་རོགས་གནང་།

བྱང་རྩེ་མཁན་པོ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་པོ་ཞིག་གི་སྔོན་ནས་དོལ་རྒྱལ་བསྟེན་གསོལ་སྐོར་ལ་བཀའ་སློབ་རབ་དང་རིམ་པ་མང་པོ་གནང་བ་རེད། ༸གོང་ས་མཆོག་ནས་བཀའ་སློབ་ག་དུས་གནང་བ་ཡིན་ནའང་དོལ་རྒྱལ་བསྟེན་མི་ཆོག་ཅེས་པའི་བཀའ་སློབ་དུས་ནམ་ཡང་གནང་མྱོང་ཡོད་པ་མ་རེད། དེ་ནས་བསྟེན་མ་བསྟེན་སོ་སོའི་འདོད་པ་རེད། བསྟེན་ན་འགལ་རྐྱེན་དེ་དང་དེ་འདུག་ཅེས་བཀའ་གནང་བ་རེད། སྔར་༸གོང་ས་མཆོག་གིས་ཀྱང་བསྟེན་གནང་བ་རེད། ཕྱིས་སུ་ལོ་རྒྱུས་ཐོག་ནས་མང་པོ་གཟིགས་འོང་དུས་དེ་ལ་སྐྱོན་ཞིག་ཡོད་པ་གཟིགས་ནས་བསྟེན་པ་ཡིན་ན་འགལ་རྐྱེན་དེ་དང་དེ་འདུག་ཅེས་མང་ཚོགས་ལ་གསལ་བཤད་གནང་བ་རེད། དེ་ནི་ལོག་པའི་ལམ་ལ་འགྲོ་མཁན་ཚོ་ཕྱིས་སུ་ལོག་པའི་ལམ་དུ་མི་འགྲོ་བའི་དོན་དུ་ཐུགས་སྙིང་རྗེའི་བདག་ཉིད་ཀྱིས་བཀའ་སློབ་གནང་བ་རེད། དེས་ན་༸གོང་ས་མཆོག་གིས་བསྟེན་མི་ཆོག་ཅེས་གསུངས་ཡོད་པ་མ་རེད། ༸གོང་ས་མཆོག་གིས་བཀའ་ག་དུས་གནང་བ་ཡིན་ནའང་ཁ་ཆེའི་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ།། ཉན་དང་མ་ཉན་སོ་སོའི་འདོད་པ་རེད་ཅེས་དེའི་ཐོག་ནས་སོ་སོའི་འདོད་པ་རེད། བསྟེན་མ་བསྟེན་སོ་སོའི་འདོད་པ་རེད་གསུངས་པ་རེད། ༸སྐྱབས་མགོན་རིན་པོ་ཆེས་བསྟེན་ན་འགལ་རྐྱེན་འདི་ཡོད་རེད་ཟེར་བ་དེར་གོ་བ་ལོག་པ་བརྒྱབས་པ་རེད། ནམ་རྒྱུན་ང་ཚོའི་དཔེ་ཆའི་ནང་ཡོད་པ་ནང་བཞིན་ཡོད་པ་མ་ངེས་པ་དང་མེད་པ་ངེས་པ་གཉིས་གཅིག་ཏུ་འདྲེས་ནས་ཡོད་པར་མ་ངེས་ན་ཡིན་གཅིག་མེད་པ་ངེས་དགོས་པ་ཡོད་མ་རེད། དེ་ནང་བཞིན་བསྟེན་ན་འགལ་རྐྱེན་ཡོད་པ་རེད་གསུངས་དུས་བསྟེན་མི་ཆོག་གསུངས་དགོས་མ་རེད། དེ་ནས་ཁོ་ཚོ་དེ་གཉིས་གཅིག་ཏུ་སྒྲིལ་ནས་ཆེད་མངགས་ཤེས་བཞིན་དུ་ཁྱད་གསོད་བྱས་པ་རེད་བསམ་གྱི་འདུག ཆོས་དད་རང་དབང་མི་འདུག་ཟེར་བ་དེ་སྤྱིར་ནང་པ་སངས་རྒྱས་པ་ཡིན་ནའང་འདྲ་འདུག བྱེ་བྲག་དགེ་ལུགས་པའི་བསྟན་པ་ལ་ཆོས་དད་རང་དབང་མི་འདུག་ཅེས་དེའི་ཐོག་སྐད་ཆ་ཤོད་ཀྱི་ཡོད་ཀྱི་རེད། དོལ་རྒྱལ་བསྟེན་མ་བསྟེན་ཐོག་ནས་དགེ་ལུགས་པའི་བསྟན་པ་ལ་ཆོས་དད་རང་དབང་ཡོད་མེད་བརྩི་དགོས་པ་ཡིན་ན་དགེ་ལུགས་པའི་བསྟན་པ་དེ། རྗེ་རིན་པོ་ཆེ་ཕེབས་ནས་ལོ་དྲུག་བརྒྱ་ཙམ་ཕྱིན་ཟིན། དོལ་རྒྱལ་དར་ནས་ལོ་སུམ་བརྒྱ་ལྷག་མ་གཏོགས་ཕྱིན་མེད། དོལ་རྒྱལ་བསྟེན་ན་དགེ་ལུགས་པའི་བསྟན་པ་ལ་ཆོས་དད་རང་དབང་ཡོད་པ་དང་། མ་བསྟེན་ན་མེད་པ་ཡིན་ན། དོལ་རྒྱལ་མ་དར་པའི་སྔ་རོལ་ན་དགེ་ལུགས་པའི་སྐྱེས་ཆེན་དམ་པ་བགྲངས་ལས་འདས་པ་ཞིག་བྱུང་ཡོད་པ་དེ་ཚོར་ཆོས་དད་རང་དབང་མེད་པར་ཐལ་བའི་ཐལ་བ་ཡོང་གི་འདུག དེ་ན་ང་ཚོས་བཤད་པ་དེས་ཞེ་དྲག་ཕན་ཐོགས་ཀྱི་ཡོད་མེད་མི་ཤེས། ཡིན་ནའང་། ༸གོང་ས་མཆོག་ཕྱི་རྒྱལ་དུ་ཕེབས་དུས་ཕྱི་རྒྱལ་བ་ཚོས་སྐད་རྒྱག་གི་ཡོད་ནའང་འདྲ། ལྷག་པར་དུ་དེའི་ནང་བོད་པ་འགའ་ཤས་ཤིག་སླེབས་བསྡད་ཀྱི་ཡོད་པ་རེད། སྐད་རྒྱག་མཁན་ཚོར། ད་ང་རང་གིས་ཤེས་པར་ཁོ་རང་ཚོ་སྐད་རྒྱག་མཁན་ཚོ་ཕྱི་རྒྱལ་ནང་སྐྱབས་བཅོལ་ལ་སླེབས་ནས་རང་བཙན་ཡོད་མཁན་ལུང་པའི་ནང་དུ་སྐྱབས་བཅོལ་ནང་བསྡད་འདུག དེ་ཤེས་པར་བྱ་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག   སྐྱབས་བཅོལ་བྱས་དགོས་པ་དེ་སོ་སོའི་ལུང་པ་ནང་དུ་སྡོད་མི་བཅུག་མཁན་དེ་སུ་རེད། དེ་མཁྱེན་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

ཆོས་དད་རང་དབང་མི་འདུག་ཟེར་བའི་ཆོས་དེ་ནང་པ་སངས་རྒྱས་པའི་ཆོས་ལ་ཟེར་གྱི་རེད། དེ་ཚོ་ལ་ནང་པ་སངས་རྒྱས་པའི་དཀོན་མཆོག་ག་ཚོད་ཡོད་དམ་ཅེས་དྲིས་ན་གཞག་རྒྱུ་ཡོད་མེད་ཐེ་ཚོམ་རེད། དེས་ན་ཁོ་བསླུ་བྲིད་བྱས་པ་རེད་མ་གཏོགས་ནང་པ་སངས་རྒྱས་པའི་ཆོས་ལ་ངེས་པར་རྙེད། དགེ་ལུགས་པའི་བསྟན་པ་ལ་ངེས་པ་རྙེད་ནས་ཆོས་དད་རང་དབང་མི་འདུག་ཟེར་མཁན་མི་ཞིག་ཏན་ཏན་ཡོད་པ་མ་རེད་བསམ་གྱི་འདུག

 དྲི་བ། སེར་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག ད་ལྟ་བོད་ཕྱི་ནང་གི་ས་གནས་རེ་ཟུང་ནང་དོལ་རྒྱལ་རྗེས་འབྲང་པས་སླུ་འོག་ཏུ་ཚུད་དེ་མུ་མཐུད་དོལ་རྒྱལ་བསྟན་གསོལ་བྱེད་མཁན་རེ་ཟུང་འདུག་ན་མཁན་རིན་པོ་ཆེ་མཆོག་གིས་དེ་དག་རྨོངས་གཉིད་ལས་གསལ་ཐབས་ཀྱི་བཀའ་སློབ་ལམ་བསྟོན་ཞིག་གནང་ཪོགས་གནང།

 སེར་སྨད་མཁན་པོ། སྤྱིར་བཏང་དོལ་རྒྱལ་དེ་འཇིག་རྟེན་དྲེགས་པ་ཞིག་ཆགས་ཡོད་རེད། དོལ་རྒྱལ་རྗེས་འབྲངས་པ་ཚོས་ཁོ་ཚོ་རི་བོ་དགེ་ལྡན་པ་ཞིག་ཡིན་ལབ་ཀྱི་ཡོད་རེད། རི་བོ་དགེ་ལུགས་པ་དེ་འཇམ་མགོན་བླ་མའི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཆགས་ཡོད། དེས་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་འདི་དཔལ་ནཱ་ལེན་ཌའི་ཆོས་བརྒྱུད་དྲི་མ་མེད་པ་གཙོ་བོ་ཀླུ་སྒྲུབ་ཡབ་སྲས་སོགས་པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཁུངས་གཏུགས་ནས་རྗེ་ཡབ་སྲས་དང་ལྷག་དོན་རྗེ་རིན་པོ་ཆེའི་བསྟན་པ་དེ་ཚད་མཐོན་པོ་དང་སྤུས་དག་པོ་ཆགས་ཡོད་པ་རེད། རྗེ་རིན་པོ་ཆེའི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ལུང་དང་རྟོགས་པའི་བསྟན་པ་གཉིས། དེ་ཡང་ལུང་སྡེ་སྣོད་གསུམ་འཆད་ཉན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱ་བ། གཙོ་བོ་རྗེའི་གསུང་པོ་ཏི་བཅོ་བརྒྱད་ཡོད་པ་དེའི་ཐོག་ལ་འཆད་ཉན་བྱས་ནས་ཉམས་མྱོང་རྒྱུད་ལ་འཁྲུངས་བ། དེ་འདྲའི་ཐོག་ནས་རི་བོ་དགེ་ལུགས་པ་ཟེར་བ་དེ་ཆགས་ཡོད་ཀྱང་། དོལ་རྒྱལ་རྗེས་འབྲངས་པ་ཚོས་དོལ་རྒྱལ་བསྟེན་གསོལ་བྱས་ན་རི་བོ་དགེ་ལུགས་པ་ཡིན་པ་དང་དོལ་རྒྱལ་བསྟེན་གསོལ་མ་བྱས་ན་རི་བོ་དགེ་ལུགས་པའི་གྲས་མི་ཚུད་པ་ཟོལ་འདྲ་པོའི་ལྟ་ཕྱོགས་ཤིག་ཆགས་འདུགདོལ་རྒྱལ་བསྟེན་གསོལ་ཞེ་པོ་ཞིག་བྱེད་ཡོང་དུས་རི་བོ་དགེ་ལྡན་པའི་བསྟན་པ་དེ་ལྷ་གསོལ་ཀླུ་གསོལ་དེ་འདྲའི་ཕྱོགས་སུ་འགྲོ་བ་འདྲ་པོ་ཞིག་ཆགས་སོང་ན་རྗེ་བླ་མའི་བསྟན་པ་ལ་ཞབས་འདེགས་ཞུས་བ་རེད་དམ་དམར་འབེབས་བྱས་པ་རེད།

ལྷག་དོན་བསྟེན་གསོལ་བྱེད་ཚུལ་དེ་ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་སྐྱབས་གསུམ་ཀུན་འདུས་ཞིག་ལ་བརྩིས་པ་ཡིན་ན་དོལ་རྒྱལ་དེ་འཇིག་རྟེན་དྲེགས་པ་ཞིག་ཡིན་པས་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་རེད། དེའི་ཐོག་དགོངས་པ་བཞེས་དགོས། དོལ་རྒྱལ་བསྟེན་མཁན་གྱི་བླ་མ་དགེ་བཤེས་ག་རེ་ཡིན་ནའང་སྐུ་ཚེའི་མཛད་པ་ལ་ཕན་འདུག་གམ་གནོད་འདུག་བཤད་མི་དགོས་པར་མིག་མཐོང་ལག་ཟིན་ཡིན་པས་ག་དུས་ཡིན་ནའང་བཀྲ་མ་ཤིས་པ་ཡོང་བསྡད་ཀྱི་འདུགདེས་ན་དོལ་རྒྱལ་བསྟེན་མཁན་གསར་པ་ཚོ་གཞན་གྱིས་དབང་ཤུགས་འོག་མ་ཚུད་པར་སོ་སོས་བརྟག་དཔྱད་བྱ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དོལ་རྒྱལ་སྐོར་གསུང་བཞག་པ་མང་པོ་ཞིག་ཡོད་རེད། དེ་དག་ནས་དོལ་རྒྱལ་ངོ་བོ་སོགས་གང་འདྲ་ཞིག་རེད་འདུག་བརྟག་དཔྱད་བྱས་ནས་དངོས་ཡོད་གནས་ཚུལ་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རབ་བྱུང་ན་དོལ་རྒྱལ་དེ་འཇིག་རྟེན་དྲེགས་ཞིག་པ་ཡིན་པས་སོ་སོར་ཁེ་གྱོང་གཉིས་ཀྱི་ཐོག་ནས་ག་རེ་རག་གི་འདུག་བལྟས་ནས་མཚམས་འཇོག་བྱེད་ན་ཡག་པོ་ཡོད་རེད་བསམ་གྱིན་འདུག ང་ཉེ་སྔོན་ཨ་རི་གྲོང་ཁྱེར་ནིའུ་ཡོག་ལ་ཕྱིན་དུས་༸གོང་ས་མཆོག་ལ་ག་དུས་ཡིན་ནའང་སྐད་འབོད་བྱས་ནས་༸གོང་ས་མཆོག་གིས་སྐྱག་རྫུན་ཤོད་ཀྱི་འདུག་ཟེར་བ་དང། ༸གོང་ས་མཆོག་གིས་རི་བོ་དགེ་ལྡན་པའི་བསྟན་པ་གཏོར་བཤིག་བཏོང་གི་འདུག་ཟེར་བ་ལ་སོགས་པའི་ག་དུས་ཡིན་ནའང་༸རྒྱལ་དབང་རིན་པོ་ཆེར་མཚན་སྨད་ཞུས་ཀྱི་འདུག དེ་འགྲིག་གི་ཡོད་མ་རེད། དོལ་རྒྱལ་རྗེས་འབྲང་བ་ཚོའི་རྩ་བའི་བླ་མ་དེ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རེད། བརྩི་ས་གཙོ་བོ་དེའང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཆགས་ཀྱི་ཡོད་པ་རེད།

སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་ཐོག་གོང་མ་དེས་མཛད་པ་འཕྲིན་ལས་བསྐྱངས་པའི་གཙོ་བོ་༸རྒྱལ་བའི་ཡོངས་འཛིན་གནང་བ་དེ་ལས་ལྷག་པ་ཡོད་མ་རེད། དེས་ན་མཛད་པ་འཕྲིན་ལས་དེ་འདྲ་ཞིག་རྒྱས་ཡོང་དུས་༸རྒྱལ་དབང་ལ་མཚན་སྨད་དེ་འདྲ་ཞིག་བྱས་ན་དོན་གྱི་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་མཚན་སྨོད་དང་དོན་ལ་ཁོང་གི་དགོངས་པ་དང་མི་མཐུན་པ་ཆགས་འགྲོ་གི་རེད། ངས་དེ་འདྲ་ཞིག་མཐོང་གི་འདུགགཉིས་ནི་རི་བོ་དགེ་ལྡན་པའི་བསྟན་པ་བསམ་བཞིན་དུ་གཏོར་བཤིག་གཏོང་བ་རེད་ཟེར་གྱི་ཡོད་རེད། འཛམ་བུ་གླིང་འདིར་རྗེ་བླ་མའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་༸རྒྱལ་དབང་རིན་པོ་ཆེ་ལས་ལྷག་པ་ཞིག་སུ་ཡོད་རེད། དྲང་པོར་བཤད་ན་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་པ་ཡིན་ནའང་༸གོང་ས་མཆོག་གིས་རྗེ་བླ་མ་ཙོང་ཁ་པའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ནང་ནས་གཅིག་མ་གསུང་པ་ཡོད་པ་མ་རེད། སྐབས་སུ་བབ་པར་ཨ་རི་གྲོང་ཁྱེར་ནེའུ་ཡོག་ལ་ཆ་བཞག་ན་མི་རིགས་འདྲ་མིན་དང་མི་ཚོགས་སྟོང་ཕྲག་མང་པོ་ཡོད་སར་རྗེའི་གསུང་གི་སྙིང་པོ་དྲང་ངེས་ལེགས་བཤད་སྙིང་པོ་གསུང་གི་ཡོད་པ་རེད། རེད་དེ་དོལ་རྒྱལ་རྗེས་འབྲང་པ་ཚོས་ཕྱི་ལོགས་ནས་༸རྒྱལ་དབང་རིན་པོ་ཆེས་སྐྱག་རྫུན་ཤོད་ཀྱི་འདུག རི་བོ་དགེ་ལྡན་པའི་བསྟན་པ་བསམ་བཞིན་དུ་གཏོར་བཤིག་བཏོང་གིན་འདུག་ཅེས་ཟེར་གྱི་ཡོད་རེད། བློ་གཟུ་བོར་གནས་པ་ཞིག་གིས་བལྟས་ན་གང་འདྲ་བསམས་ས་རེད། རྗེ་བླ་མའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་༸རྒྱལ་དབང་རིན་པོ་ཆེ་ལས་ལྷག་པ་ཞིག་མེད་པས། ༸རྒྱལ་བ་རིན་པོ་མཆོག་ལ་མཚན་སྨད་ཞུས་པ་དེ་སོ་སོར་ལས་ངན་པ་བསགས་པ་མ་གཏོགས་ཁེ་ཕན་གང་ཡང་མེད་པས་མཚམས་འཇོག་ཐུབ་ན་ཡག་གི་རེད་ཅེས་ཞུས་རྒྱུ་ཡིན།

དྲི་བ། དེང་སྐབས་དོལ་རྒྱལ་རྗེས་འབྲང་པས་དོལ་རྒྱལ་ནི་ཤེས་རབ་ཀྱི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཡིན་ཚུལ་དང། ཡང་ཁག་གཅིག་དཔལ་གསང་དབང་འདུས་པ་དང་ངོ་བོ་དབྱེར་མེད་ཡིན་ཟེར་བ་སོགས་རྒྱུད་ལམ་གང་སར་ཆེས་མྱོ་ཧམ་ཆེན་པོས་དྲིལ་བསྒྲགས་བྱེད་བཞིན་འདུག་ན་མཁན་རིན་པོ་ཆེ་མཆོག་གིས་དོན་དངོས་སུ་དོལ་རྒྱལ་དེ་གང་འདྲ་ཞིག་ཡིན་མིན་གསལ་པོ་ཞིག་ གསུངས་རོགས་གནང་།

སེར་བྱེས་མཁན་པོ། དོལ་རྒྱལ་དེ་ཉིད་ཤེས་རབ་ཀྱི་ལྷ་འཇམ་དཔལ་དབྱངས་དངོས་ཡིན་ཟེར་བ་དེ་ཁུངས་གང་ན་ཡོད་ཤེས་མ་སོང་། འཇམ་མགོན་བླ་མའི་བསྟན་པ་ལ་བླ་མ་འཇམ་དཔལ་དབྱངས། ཡི་དམ་འཇམ་དཔལ་དབྱངས། ཆོས་སྐྱོང་འཇམ་དཔལ་དབྱངས་ཡིན་ཞེས་གསུང་སྲོལ་ཡོད་རེད། ཆོས་སྐྱོང་འཇམ་དཔལ་དབྱངས་དེ་དམ་ཅན་ཆོས་རྒྱལ་ཁོ་ན་ལ་ངོས་འཛིན་དགོས་པ་ལས་གཞན་དོལ་རྒྱལ་ལ་ངོས་འཛིན་རྒྱུ་མེད། དོལ་རྒྱལ་རྗེས་འབྲངས་པ་རྣམས་ཀྱིས་རང་དགར་དོལ་རྒྱལ་དེ་དགེ་ལྡན་པའི་ཆོས་སྐྱོང་ལ་ངོས་འཛིན་བྱས་ནས་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་ཟེར་གྱི་ཡོད་པ་འདྲ། དེ་མིན་འཇམ་དཔལ་དབྱངས་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་བྱེད་པའི་གཞུང་ཚད་ལྡན་གང་དུའང་མཐོང་རྒྱུ་མེད། རྗེས་འབྲངས་པ་འགའ་རེའི་བསྟོད་པའི་ནང་དུ་ཡོད་ཤས་ཆེ་ལ། སྙན་ངག་མཁས་པ་ཚོས་བསྟོད་པ་འདྲ་མིན་བྲིས་པ་ཡོད་རེད། དེ་ཚོའི་ནང་དུ་ཡོད་ཤས་ཆེ། དེ་མིན་འཇམ་མགོན་བླ་མའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ནང་དུ་གཏན་ནས་མེད། འཇམ་པའི་དབྱངས་ཡིན་ཡང་སྲིད་ཀྱི་མ་རེད། འཇམ་དཔལ་དབྱངས་སྐུ་དངོས་ཀྱིས་སྤྱིར་བཏང་དྲེགས་པའི་ཚུལ་སྟོན་སྲིད་ཀྱང་། དྲེགས་པ་དེ་འདྲའི་ཚུལ་སྟོན་སྲིད་ཀྱི་མ་རེད།བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞིག་གི་སྐུར་གཏན་ནས་བཞེངས་ཀྱི་མ་རེད་བསམ་གྱི་འདུག

ང་རང་སྒེར་ངོས་ནས་དེ་ལ་ཡིད་ཆེས་གཏན་ནས་མེད་ཞུ་རྒྱུ་ཡིན།དེ་གསང་བ་འདུས་པ་དང་ངོ་བོ་དབྱེར་མེད་ཡིན་ཟེར་བ་དེ་ཧ་ཅང་ཐལ་བ་རེད། ཁོ་རང་ཚོས་ཚུར་ཕྱོགས་ནས་དོལ་རྒྱལ་དེ་ཡག་རབས་བཤད་དེ་ཡར་བསྟོད་ར་གཏོང་གི་ཡོད་པའི་ཁུལ་རེད་དེ། ཕར་ཕྱོགས་ནས་ཡི་དམ་གསང་བ་འདུས་པ་ལ་སྨད་ར་གཏང་སོང་བ་བ་རེད། ཡི་དམ་གསང་བ་འདུས་པ་དེ་བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞིག་དང་ངོ་བོར་དབྱེར་མེད་ཡིན་ཟེར་བ་རྩ་བ་ནས་འགྲིག་གི་མ་རེད། དོལ་རྒྱལ་ཟེར་བ་དེ་མི་མང་ཆེ་བས་ཤེས་པ་ལྟར་ཡོངས་གྲགས་རེད། ༸རྒྱལ་དབང་ཐམས་ཅད་མཁྱེན་པས་གསུངས་པ་བཞིན། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱོབ་དཔུང་གཉེན་མ་མཛད་ཐལ་བར་རློག །ཅེས་གསུངས་པ་བཞིན་རྒྱུ་སྨོན་ལམ་ལོག་པ་ལས་བྱུང་བ། ངོ་བོ་དམ་སྲི་འབྱུང་པོ་ཡིན་པ། བྱེད་ལས་བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་པ་ཞིག་ཡིན་པར་གསུངས་པ་ལྟར་རེད། ངས་ཡང་བསྐྱར་བཤད་དགོས་པ་མི་འདུག་ཀྱང། ད་ལན་ཁྱོད་རང་ཚོས་ང་ལ་དྲི་བ་བཏང་བ་རེད། ཁོ་རང་ཚོས་གསན་ན་ཁྱད་པར་ཞིག་ཡོང་གི་རེད། དེས་ན་རྒྱུ་སྨོན་ལམ་ལོག་པ་ལས་བྱུང་བ། ངོ་བོ་དམ་སྲི་འབྱུང་པོ་ཡིན་པ། འབྲས་བུའམ་བྱེད་ལས་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞིག་དཔལ་གསང་བ་འདུས་པ་དང་ངོ་བོར་དབྱེར་མེད་དུ་བཞག་ན་ཧ་ཅང་ཐལ་བ་རེད་ལ། སྡིག་པ་ཆེན་པོ་དཔག་ཏུ་མེད་པ་ཞིག་གསོག་གི་རེད་དྲན་གྱི་འདུག དེས་ན་དེ་དང་ངོ་བོ་དབྱེར་མེད་གཏན་ནས་ཡིན་སྲིད་ཀྱི་མ་རེད།

དོལ་རྒྱལ་གང་འདྲ་ཡིན་མིན་དེ་ང་ཚོ་ཚང་མས་མཁྱེན་གསལ་རེད། དེའི་ནང་ནས་རི་བོ་དགེ་ལུགས་པས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་དོལ་རྒྱལ་བསྟེན་གསོལ་མི་བྱེད་པའི་ཐག་བཅད་ཟིན་པ་རེད། དེ་ལྟར་བྱ་དགོས་དོན་ཡང་ང་རང་ཚོས་ལྷ་ཟེར་བ་དེར་རྒྱུས་ཞེ་དྲག་ལོན་གྱི་མ་རེད། མི་ཡང་རྒྱུས་ལོན་ཁག་པོ་རེད། ལྷ་ཡང་ཁག་པོ་རེད། སྔོན་བྱོན་སྐྱེས་བུ་དམ་པ་ཚོས་གསུངས་པ་དེར་ཆ་འཇོག་དགོས་པ་རེད། དམ་པ་མང་པོས་བསྟན་པ་དང་འགྲོ་བ་ལ་འཚེ་བྱེད་བ་མཁན་གྱི་དྲེགས་པ་ཞིག་རེད་ཅེས་གསུངས་ཡོད་རེད། དེ་ལ་ང་ཚོས་ཁ་དང་སྤུ་དབྱེ་འབྱེད་བྱས། ཚུལ་ཤིང་བླངས། མ་འོངས་པར་ཡིན་ནའང་དེ་འདྲ་བསྟེན་གསོལ་མི་བྱེད་པའི་གནའ་སྐྱེལ་དམ་འཇོག་བྱས་ཚར་བ་རེད་པ། དེས་ན་ང་ཚོས་མགོ་བརྩམས་ཚར་དུས་མཇུག་བསྐྱལ་དགོས་པ་ཧ་ཅང་གལ་ཆེན་རེད། ང་ཚོ་གནའ་སྐྱེལ་དམ་འབུལ་བྱས་ཚར་པ་ཚོས་གཞན་པའང་ཁྱབ་སྤེལ་བྱ་དགོས་རེད། དེ་འདྲ་ཞིག་བསྟེན་ན་འགྲིག་གི་མི་འདུག བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞིག་རེད་འདུག དྲེགས་པ་བསྟེན་ནའང་བསྟན་པ་དང་འགྲོ་བ་ལ་ཕན་བདེ་བྱེད་མཁན་དྲེགས་པ་ཞིག་བསྟེན་དགོས་པ་རེད། དེས་ན་བསྟན་པ་དང་འགྲོ་བ་ལ་གནོད་པ་བྱེད་མཁན་ཞིག་བསྟེན་སྲིད་ཀྱི་མ་རེད།དེ་འདྲ་ཞིག་ལ་སྐྱབས་བཅོལ་བ་ཡིན་ན་མ་འོངས་པ་ཡིན་ནའང་རྩ་བ་ནས་གྲ་འགྲིག་གི་མ་རེད་བསམ་གྱི་འདུག དེས་ན་ང་ཚོས་ཐག་བཅད་ཚར་བ་ནང་བཞིན་མུ་མཐུད་ནས་༸རྒྱལ་དབང་ཡིད་བཞིན་ནོར་བུའི་དགོངས་པ་ཟེར་ནའང་འདྲ། རང་རང་སོ་སོས་དང་བླངས་བྱས་ནས་ཚུལ་ཤིང་བླངས་པ་ལས་སུ་གཅིག་གིས་ཀྱང་དབང་ཡོད་བྱས་བཞག་པ་རྩ་བ་ནས་ཡོད་མ་རེད། དབང་ཡོད་བྱེད་ནའང་འགྲིག་གི་མ་རེད།

དེ་ཡང་ང་ཚོས་ནང་ལོགས་ནས་གོ་བསྡུར་བྱས་ཏེ་བཞག་ན་ཡག་པོ་འདུག དེ་འདྲ་བྱེད་རུང་གི་མ་རེད་ཟེར་བ་དེ་ཡང་གཙོ་བོར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་བཀའ་གནང་བཞག་འདུག ཁོང་གིས་ཁྱེད་རང་ཚོས་བླ་མ་དང་ཆོས་སྐྱོང་གཉིས་ཀྱི་གདམ་ཁ་ནོར་ཉན་གྱི་མ་རེད། གལ་སྲིད་གདམ་དགོས་བྱུང་ན་གཉིས་ཀ་འགྲིག་རྒྱུ་ཡོད་པ་བྱུང་ན་ཡག་པོ་རེད། ཅེས་སྤོ་འབོར་ཁམས་ཚན་ནང་མི་བཞིར་བཀའ་གནང་བྱུང་ཞེས་ངས་ཁོ་རང་ཚོའི་ས་ནས་གསལ་པོར་གོ་སོང་། བླ་མ་དང་ཆོས་སྐྱོང་གཉིས་ཀ་གདམ་ཐབས་ཤིག་ཡོད་ན་འགྲིག་གི་རེད་མ་གཏོགས་དེ་མིན་ན་བླ་མ་གདམ་དགོས་རེད། བླ་མ་ལ་བརྙས་ན་དམྱལ་བ་མནར་མེད་མ་གཏོགས་འགྲོ་ས་ཡོད་མ་རེད་ཅེས་ཐག་བཅད་བཞག་འདུག དེས་ན་ང་ཚོས་མ་འོངས་པར་རྒྱལ་བའི་བཀའ་དང་འགལ་བ་དང་དམ་སྲི་འབྱུང་པོ་ཚོར་སྐྱབས་བཅོལ་གྱི་ཡིན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང་ངན་སོང་མི་ཟད་པའི་རྒྱུ་དང་། དེའི་སྟོབས་ཀྱིས་བླ་མ་ལ་མཚན་སྨོད་ཞུ་པ་ཡང་ཡོང་གི་འདུག་ག ཡིན་རྒྱུ་ཞེན་ཁོག་ཡིན་ཁུལ་རེད་དེ། བླ་མ་ལ་མཚན་སྨོད་ཞུས་པ་སོགས་སྡིག་པ་ཚབས་ཆེན་གསོག་གི་འདུག སོ་སོའི་ངོས་ནས་རང་གཞན་གཉིས་ཕུང་དུ་གྱུར་བའི་སྙིང་རྗེའི་ཡུལ་ཟེར་བ་དེ་རེད། དངོས་གནས་རང་གཞན་གཉིས་ཕུང་བའི་ལས་ཆེན་པོ་ཞིག་གསོག་གི་འདུག་བསམ། དེས་ན་ང་ཚོས་མ་འོངས་པར་ད་ལྟ་ནང་བཞིན་ཡག་པོ་ཞིག་གི་ཐོག་ནས་འགྲོ་བར་ད་ལྟ་ནས་ང་ཚོས་ཐབས་ལམ་ཡག་པོ་བྱ་དགོས་པ་རེད། སྔོན་མར་ང་ཚོའི་མཁན་རིན་པོ་ཆེ་རིམ་བྱོན་རྒྱ་གར་པཎ་གྲུབ་ནང་བཞིན་ཡོད་རེད། དེ་ཚོའི་སྐབས་ནས་ཐག་བཅད་ནས་ང་ཚོའི་ལག་པར་བཞག་པ་རེད། དེ་ལ་ང་ཚོས་བདག་པོ་ཡག་པོ་རྒྱག་ཐུབ་དགོས། མ་འོངས་པར་དེ་མི་རབས་གསར་པར་རྩིས་སྤྲད་རྒྱུ་བྱུང་ན་བླ་མའི་དགོངས་པ་དང་ང་ཚོའི་དོན་དག་ཀྱང་གྲུབ་པ་རེད། རྣམ་པ་ཚོས་ད་ལྟ་ནས་དེ་ཚོའི་ཐབས་ཤེས་ག་རེ་གནང་རྒྱུ་ཡོད་ན་གནང་རོགས།

དྲི་བ། འབྲས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག དེ་སྔ་རི་བོ་དགེ་ལུགས་པའི་སྐྱེས་ཆེན་རེ་ཟུང་གིས་དོལ་རྒྱལ་བསྟན་གསོལ་གནང་བ་བྱུང་འདུག་ཀྱང། ཁོང་རྣམས་ཀྱིས་དེང་གི་དོལ་རྒྱལ་རྗེས་འབྲང་པ་ལྟར་དེང་གི་དོལ་རྒྱལ་བསྟན་གསོལ་བྱེད་པ་དེ་༸རྗེ་བླ་མའི་བསྟན་པའི་ཆེ་བ་གཙོ་བོ་ཡིན་པར་ངོས་འཛིན་གནང་གི་ཡོད་དམ། ཁོང་རྣམས་ཀྱིས་སྔོན་དོལ་རྒྱལ་བསྟན་གསོལ་གནང་བ་དེས་༸རྗེ་བླ་མའི་བསྟན་པ་ལ་ཕན་པ་དང་གནོད་པ་གང་ཞིག་བྱུང་ཡོད་དམ།

 

བློ་གླིང་མཁན་པོ། དྲི་བ་དེ་ལན་མདོར་བསྡུས་ཞུས་ན། དེ་སྔར་རི་བོ་དགེ་ལུགས་པའི་སྐྱེས་ཆེན་དམ་པ་སྐྱབས་རྗེ་ཕ་བོང་ཁ་དང་༸རྒྱལ་བའི་ཡོངས་འཛིན་སྐྱབས་རྗེ་རྡོ་རྗེ་འཆང་གཙོས་པའི་སྐྱེས་ཆེན་ཉུང་ཤས་ཤིག་གིས་དོལ་རྒྱལ་བསྟེན་གནང་བ་དེ་ཡོངས་གྲགས་ལྟ་བུ་རེད། དེ་དུས་དོལ་རྒྱལ་བསྟེན་གསོལ་གནང་སྟངས་དེ་བྲན་གཡོག་གི་ཚུལ་དུ་བསྟེན་གནང་པ་མ་གཏོགས་འཇམ་མགོན་བསྟན་པའི་ཆེ་བ་གཙོ་བོར་བྱས་ནས་བསྟེན་པ་མ་རེད། ད་ལྟའི་དོལ་རྒྱལ་རྗེས་འབྲངས་པ་ཚོས་གློ་སྙིང་བྲང་གསུམ་དེ་དོལ་རྒྱལ་ལ་ཕར་བསྟེན་ནས་སྐྱབས་ཡུལ་མིན་པ་ལ་སྐྱབས་ཡུལ་འཛིན་པ་རེད། ད་གོང་ཞུས་ཀྱི་སྐྱེས་བུ་དམ་པ་དེ་དག་གིས་དོལ་རྒྱལ་བསྟེན་པ་དེ་ཕན་ཐོགས་བྱུང་ཡོད་རེད་དམ་ཟེར་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་ཏུ་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོའི་བསྟན་པ་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པ་བྱུང་པ་མ་གཏོགས་ཕན་ཐོགས་ཏིལ་འབྲུ་ཙམ་ཞིག་བྱུང་ཡོད་མ་རེད། གང་ཡིན་ཟེར་ན་ལྔ་བཅུ་ང་དགུའི་སྔོན་ལ་བྱུང་བའི་ལོ་རྒྱུས་ཐོག་ནས་དང་ད་ལྟའི་གནས་ཚུལ་གཉིས་ཀར་བལྟས་ན་གསལ་པོར་ཤེས་ཐུབ་ཀྱི་རེད། དེ་ནས་སྐྱེས་བུ་དེ་དག་གིས་དོལ་རྒྱལ་བསྟེན་པ་དེ་མཛད་པ་ནོར་འཁྲུལ་ཅན་ཞིག་ཡིན་པ་ང་ཚོ་ཚང་མས་ངོས་འཛིན་བྱ་ཆོག་གི་རེད། ནོར་འཁྲུལ་ཅན་གྱི་མཛད་པ་དེ་ཁོང་ཚོའི་མཛད་པ་གཙོ་བོ་དེ་མ་རེད། སྐྱེས་བུ་དམ་པར་དེ་ཚོའི་མཛད་པ་གཙོ་བ་ནི་བསྟན་པ་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མའི་ལུང་རྟོགས་ཀྱི་བསྟན་པ་གཉིས་འཛིན་སྐྱོང་སྤེལ་གསུམ་དང་། ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་པ་ཡིན་པ་དེ་ཚང་མས་ཤེས་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ངས་དེ་རིང་ཞུ་རྒྱུ་དེ་ཙམ་ཡིན། དེ་ནས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད།

སྐྱབས་མགོན་རིན་པོ་ཆེས་རྒྱུན་དུ་དེའི་སྐོར་གསུང་གི་ཡོད་རེད།ང་ཚོ་གདན་ས་གསུམ་གྱི་ཐོག་ནས་གཙང་མ་གཙང་རྐྱང་བཟོས་ཚར་པ་རེད། ཕྱིན་ཆད་ཀྱང་ལམ་ཁ་དེར་ཤར་བསྐྱོད་བྱ་རྒྱུ་རེད། དེ་མིན་མིའི་ཁར་བལྟས་ནས་གཡས་བསྐྱོད་གཡོན་བསྐྱོད་དང་ཡིན་འགྲོ་མིན་འགྲོ་བསམ་དགོས་པ་གཏན་ནས་མེད། ༸སྐྱབས་མགོན་རིན་པོ་ཆེ་ཚད་མའི་སྐྱེས་བུ་དང་སངས་རྒྱས་ཡིན་པས་ང་ཚོས་ཡིད་ཆེས་མེད་པ་གཏན་ནས་མི་ཡོང་། བརྟག་དཔྱད་མང་པོ་ཞིག་གནང་བ་རེད་མ་གཏོགས། དེ་མིན་ཧོབ་ཏེ་གནང་བ་གཏན་ནས་མ་རེད། དེས་ན་ཚང་མས་ད་ལྟ་བླང་དོར་བྱེད་བཞིན་པ་རེད། སྐྱེས་ཆེན་དམ་པ་ཉུང་ཤས་ཤིག་གིས་མ་གཏོགས་ཚང་མས་བཞག་ཟིན་པ་རེད། ཉུང་ཤས་དེ་དག་གིས་ཀྱང་བསམ་བློ་གཏང་ས་ཞིག་ཡོད་རྒྱུ་རེད། དེ་ང་ཚོས་བཤད་ཐུབ་ཀྱི་མ་རེད། ད་ང་ཚོའི་གྲྭ་ཚང་བློ་གསལ་གླིང་ལ་ཆ་བཞག་ན་གསར་པ་ཞིག་སླེབས་ཡོང་ན་ལྷ་ལ་ཚད་བཙུགས་ནས་ད་ལྟ་བསྟེན་གྱི་མེད། ཕྱིན་ཆད་ཀྱང་སྤང་བླང་གཙང་མ་བྱ་རྒྱུ་ཡིན་པའི་དམ་བཅའ་བཞག་དགོས་རེད། དེ་ནས་སྔ་ལོར་ང་ཕ་ཡུལ་ལ་འགྲོ་དུས་ཡིན་ནའང་ཉན་ས་རེད་བསམ་པ་ཚང་མ་ལ་ལབ་བཞག་ཡོད། མཚམས་འཇོག་བྱ་དགོས་རེད་ད།འདི་ཕྱི་གཉིས་ཀྱི་ལམ་ཁ་དེ་ནོར་བསྡད་རེད་ད། ལམ་ཁ་ནོར་བ་དེ་ནོར་བར་ཤེས་ཀྱི་ཡོད་པ་མ་རེད། འགྲེལ་བཤད་རྒྱག་མཁན་མ་བྱུང་བ་རེད། ང་ཕ་ཡུལ་ལ་དུས་གཅིག་ཡོང་བ་རེད། ངས་ཁྱོད་ཚོར་འགྲེལ་བཤད་རྒྱག་གི་ཡོད།ཁྱོད་ཚོས་ཉན་ནོར་མ་བྱེད། ཁྱོད་ཚོ་ལམ་ཡག་པོ་ཞིག་ལ་ཁྲིད་རྒྱུ་མ་གཏོགས་ལམ་ལོག་པ་ཞིག་ལ་ཁྲིད་རྒྱུ་བསམ་བློ་གཏང་གི་ཡོད་མ་རེད་ད།འདི་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་རེད། དེ་ཁོང་གི་བཀའ་ཡིན་པ་ཙམ་མ་རེད། དོལ་རྒྱལ་བསྟེན་ན་གྲ་འགྲིག་པོ་ཞིག་ཁྱོན་ནས་ཡོང་གི་ཡོད་མ་རེད། ད་ལྟའི་བར་ཁོར་བསྟེན་ནས་གྲ་འགྲིག་པོ་བྱུང་བ་གཅིག་ཀྱང་བྱུང་མེད། མིག་གིས་མཐོང་མེད། རྣ་བས་གོ་མེད། སུས་གོ་མྱོང་ཐོས་མྱོང་། བསྟེན་གསོལ་བྱེད་མཁན་གྱི་སྐྱེས་ཆེན་དང་དེ་མིན་སུ་འདྲ་ཡིན་ནའང་གྲ་འགྲིག་པོ་མ་བྱུང་བའི་ཁར་ལབ་གླེང་མང་པོ་ཞིག་བྱུང་ཡོད། གྲ་འགྲིག་པོ་མ་བྱུང་བར་མིག་གིས་མཐོང་བསྡད་ཡོད། དེས་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་འཇམ་མགོན་བླ་མའི་བསྟན་པར་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པ་མ་གཏོགས་ཕན་པ་ཅུང་ཟད་ཀྱང་ཡོད་མ་རེད། དེས་ན་ཁོ་བསྟན་སྲུང་དང་སྲུང་མ་ཞིག་གཏན་ནས་མིན།

མཐའ་དོན་དུ་ང་ཚོ་ད་ལྟ་ལམ་ཁ་མ་ནོར་བ་ཞིག་ལ་འགྲོ་བཞིན་པ་རེད། ཕྱིན་ཆད་ཡིན་ནའང་བླང་དོར་ཚུལ་བཞིན་དུ་བྱ་དགོས་རེད་ཅེས་ཞུ་རྒྱུ་ཡིན། ལམ་ལོག་པ་ཚོར་སློབ་གསོ་རྒྱབ་དགོས་རེད། ཁྱོད་རང་ཚོ་འདི་ཕྱི་གཉིས་ཀ་ཕུང་ཚར་བ་རེད་ཅེས་སུ་ལའང་བཤད་དགོས་པ་དེ་ང་ཚོའི་ལས་འགན་རེད།མ་ཉན་ན་ང་ཚོ་བྱ་རྒྱུ་མེད། དུད་འགྲོ་འདྲ་ཡིན་ན་ཚུར་ཁྲིད་རྒྱུ་ཡོད། མི་ཡིན་པས་བསམ་བློ་གཏོང་རྒྱུ་ཡོད་པས་དེ་ལྟ་ཁྲིད་མི་ཐུབ། དེས་ན་ཉན་མཁན་ཚོར་ལོ་རྒྱུས་དང་གོང་ས་མཆོག་གིས་གང་གསུངས་ཡོད་པ། གདན་གསུམ་དང་ཆོས་སྡེ་ཆེན་པོ་ཕལ་ཆེར་འགྲོ་སའི་ལམ་ཁ་འདི་འདྲ་རེད། འདི་དག་གིས་ཁྱོད་རང་ཚོ་ལམ་ཁ་ཡག་པོ་ཞིག་ལ་ཁྲིད་ཀྱི་རེད། ཁྱོད་རང་ཚོས་ལམ་ཁ་དེར་འགྲོ་ན་ཡག་གི་རེད། དེ་མིན་ལམ་ལོག་ན་འདི་ཕྱི་གཉིས་ཀར་ཕུང་པ་ང་ཚོས་མིག་མཐོང་ལག་ཟིན་རེད། ལས་རྒྱུ་འབྲས་སོགས་ཚང་མའི་ཐོག་མ་འགྲིག་པ་དེ་མིག་མཐོང་ལག་ཟིན་རེད།

དྲི་བ། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་མཆོག དོལ་རྒྱལ་རྗེས་འབྲང་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསམ་བཞིན་དུ་དགེ་ལུགས་པའི་བསྟན་པ་བསྣུབས་མཁན་ལ་སྐྱེ་བ་བཞེས་པ་ཞིག་ཡིན་ཚུལ་དཀར་ནག་མགོ་བཟློག་གིས་འབྲེལ་བརྗོད་བྱེད་བཞིན་འདུག་ན། མཁན་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་རྒོས་འཇམ་མགོན་བླ་མའི་བསྟན་པ་ལ་བཀྲིན་ཇི་ཙམ་བསྐྱངས་མིན་གསུངས་རོགས་གནང་།

 བཀྲས་ལྷུན་མཁན་པོ ད་སྤྱིར་ན་༸སྐུ་མདུན་དགུང་ལོ་བཅུ་དྲུག་ནས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ནས་བོད་ནང་ལ་ཆོས་སྲིད་གཉིས་ཀྱི་མཛད་པ་འཕྲིན་ལས་བསྐྱངས་པ་རེད། ལྔ་བཅུ་ང་དགུ་བར་དུ་ཆོས་ཕྱོགས་ནས་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་ཏེ་ཆ་ཚང་ཟིན་པ་རེད། ཆབ་སྲིད་ཐོག་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་ནས་མཛད་པ་འཕྲིན་ལས་ཞེ་དྲག་བསྐྱངས་གནང་ཡོད་པ་རེད། ད་ལྔ་བཅུ་ང་དགུ་ལོར་རྒྱ་གར་དུ་ཆིབས་བསྒྱུར་གནང་ནས་རྒྱ་གར་ལའང་ལོ་ཤས་རིང་རྒྱ་གར་ནང་དུ་མཛད་པ་འཕྲིན་ལས་བསྐྱངས་པ་རེད། དེའི་རྗེས་བོད་དང་ར་ཤི་ཡ་རྒྱ་གར་ཙམ་མིན་པར་ཕྱི་རྒྱལ་ཡུལ་གྲུ་ཁག་གང་སར་སངས་རྒྱས་ཀྱི་བསྟན་པ་དར་འཕེལ་གནང་ནས་ས་དར་རྡོ་དར་གནང་ཡོད་པ་རེད། ༸སྐུ་མདུན་གྱིས་དེ་ལྟར་གནང་མ་ཐུབ་ན་ད་ལྟ་ང་ཚོས་སངས་རྒྱས་ཀྱི་བསྟན་པ་དེ་འདྲ་ཡག་པོ་འདུག་ཟེར་ནས་ཞེ་དྲག་སྤོབས་པ་བྱ་ས་ལྷག་ཡོད་པ་མ་རེད། ༸སྐུ་མདུན་གྱི་མཛད་པ་འཕྲིན་ལས་བསྐྱངས་པའི་ཐུགས་རྗེ་བཀའ་དྲིན་ལས་འཛམ་བུ་གླིང་མི་ཚང་མས་བོད་ཀྱི་ནང་པའི་ཆོས་དེ་རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་གྱི་རྗེས་འབྲངས་བྱས་ནས་མ་ཉམས་པ་དེ་ཡོད་པ་དེ་རེད། ག་རེ་བྱས་ནས་ཡོད་རེད་ཟེར་ན། ད་ལྟའི་བར་དུ་༸སྐུ་མདུན་གྱིས་མཛད་པ་འཕྲིན་ལས་དེ་འདྲ་ཞིག་བསྐྱངས་གནང་རེད། ད་ལྟ་༸སྐུ་མདུན་དགུང་ལོ་བརྒྱད་ཅུ་ལ་ཕེབས་ཡོད་རེད། ཞོགས་ཀར་ཕྱག་ཚོད་དགུ་པ་ནས་དགུང་མོ་ཕྱག་ཚོད་དགུ་པ་བར་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་བསྒོས་འཇམ་མགོན་བླ་མའི་བསྟན་པ། ཉིད་དགོས་སུ་སེམས་ཅན་གྱི་འགྲོ་དོན་དང་། འཛམ་བུ་གླིང་ལ་ཞི་བདེའི་ཕྱག་ལས་ཁོ་ན་གནང་ཡོད་པ་རེད། ང་ཚོ་ཡིན་ན་ཉི་མ་གཅིག་འགྲོ་ན་ཐང་ཆད་ཡོང་གི་འདུག་དེ་འདྲའི་མཛད་པ་ཞིག་བསྐྱངས་ཡོད་རེད། དེ་ནས་རྗེ་བླ་མའི་བསྟན་པ་ལ་མཛད་པ་བསྐྱང་ཚུལ་ནི། ༸སྐུ་མདུན་གྱིས་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་གནང་ནས་རྗེ་བླ་མའི་བསྟན་པ་དེ་ས་དར་རྡོ་དར་གནང་ཏེ། འཛམ་གླིང་ཡུལ་གྲུ་ཉི་ཤུ་སུམ་ཅུ་ནས་ཆོས་ཉན་པར་ཡོང་ཡོད་པ་རེད། དེ་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་རེད། ང་ཚོའི་བླ་མ་དེ་འདྲ་ཡ་ཡོད་མ་རེད་པ། ང་ཚོའི་བླ་མ་དེ་མདོ་སྔགས་གང་འདྲ་ཞིག་ཡིན་ནའང་། སྲིད་གང་འདྲ་ཞིག་ཐོག་ཡིན་ནའང་གསུང་གསུང་ཆོག་ཆོག་ཡོད་རེད། གཞུང་དོན་ཐམས་ཅད་གཅིག་ཏུ་སྒྲིལ་ནས་དེ་གནང་ཐུབ་ཀྱི་རེད། དེ་འདྲའི་བླ་མ་ཞིག་ད་ལྟའི་བར་དུ་ཡོང་མི་སྲིད་པ་འདྲ་ཞིག་རེད། དཔེར་ན་ད་ལྟ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་མཛད་པ་འཕྲིན་ལས་མང་པོ་བསྐྱངས་ཡོད་རེད། ཡིན་ནའང་ད་ལྟའི་༸སྐུ་ཕྲེང་བཅུ་བཞི་པ་ནང་བཞིན་མཛད་པ་འཕྲིན་ལས་སུས་ཀྱང་བསྐྱངས་ཐུབ་ཡོད་མ་རེད། ངས་མཚམས་མཚམས་འདི་འདྲ་བསམ་གྱི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐབས་ལྷ་དང་ཀླུ་སོགས་ལ་མང་པོ་ཞིག་གསུངས་ཡོད་རེད།

སྤྱིར་མི་མང་ཉམ་ཆུང་ལ་༸སྐུ་མདུན་གྱི་མི་མང་འབུམ་ཕྲག་མང་པོར་དེ་ཡང་ནང་པ་རྐྱང་རྐྱང་མ་ཡིན་པ། ཕྱི་པ་དང་དབྱེ་བ་མེད་པར་མཛད་པ་བསྐྱངས་ནས་སངས་རྒྱས་བསྟན་པ་ད་ལྟའི་བར་དུ་གནས་པ་དེ་སྐུ་མདུན་གྱི་མཛད་པ་འཕྲིན་ལས་དང་༸སྐུ་མདུན་གྱི་ཐུགས་རྗེའི་བཀའ་དྲིན་རེད། ང་ནི་དོལ་རྒྱལ་རྗེས་འབྲངས་པ་ཁོ་ཚོ་ཡོང་དུ་སྙིང་འདྲ་ཞིག་རྗེ་ཡི་འདུག ཁོ་རང་ཚོས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རྗེས་འབྲངས་དང་བཀའ་གནང་བ་བཞིན་བསྒྲུབ་ཀྱི་ཡིན་ཟེར་གྱི་ཡོད་རེད་བ།དེ་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་༸སྐུ་མདུན་གྱི་སྐུ་ཡོན་ཚང་མ་མཇལ་གནང་ཡོད་རེད། དམིགས་བསལ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དེ་འདྲ་ཞིག་བཀའ་གནང་ཡོད་རེད། ད་ལྟའི་༸སྐུ་ཕྲེང་བཅུ་བཞི་པ་དེ་རྒྱལ་དབང་སྐུ་ཕྲེང་གཞན་ལས་འཕྲིན་ལས་ལྷག་པ་ཡོང་གི་རེད་ཅེས་བཀའ་གནང་ཡོད་རེད། དོལ་རྒྱལ་རྗེས་འབྲང་པ་ཚོས་རྒྱལ་དབང་རིན་པོ་ཆེ་ལམ་ལོག་པ་རེད། སྐྱག་རྫུན་ལབ་ཀྱི་ཡོད་རེད་ལབ་ན་འགྲིག་གི་འདུག་གམ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཡག་པོ་འདུག་གསུངས་པ་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་བསྟེན་པ་ཡག་པོ་མེད་ན་བཞག་གནང་ན་འགྲིག་གི་རེད། གནས་ཆུང་ལ་འཁྲུལ་བ་ཡོད་མ་རེད་ཅེས་བཀའ་གནང་འདུག དེ་ཁོ་རང་ཚོས་བསམ་བློ་གཏོང་སྟངས་དེ་མ་ཤེས་པ་རེད། ངས་དུས་རྒྱུན་འདི་འདྲ་དྲན་གྱི་འདུག ཁོ་རང་ཚོས་བླ་མ་མ་བརྩིས་ནའང་བོད་དང་འཛམ་བུ་གླིང་ཚང་མས་འཛམ་གླིང་ཞི་བདེ་གཟེངས་རྟགས་གཞེས་མཁན་མི་སྣ་གལ་ཆེན་ཞིག་ལ་བརྩིས་ཀྱི་ཡོད་རེད། ནང་ལོགས་མི་འགའ་ཤས་ཀྱིས་མ་རེད་ཟེར་ན་བསམ་བློ་གཏོང་སྟངས་ཧ་གོ་ཡི་རེད། ཁོང་སྐྱག་རྫུན་ལབ་མཁན་ཞིག་ཡིན་ན་རྒྱལ་སྤྱིའི་ཚོགས་པ་ཁག་དང་། ཨ་རིས་གསེར་གྱི་གཟེངས་རྟགས་ཕུལ་ཡོད་རེད། འཛམ་བུ་གླིང་གི་སློབ་གྲྭ་བརྒྱ་ཕྲག་མང་པོས་སྐུ་མདུན་ལ་གཟེངས་རྟགས་ཕུལ་གནང་ཡོད་རེད། དེར་བརྟེན་ངས་དེ་བསམ་གྱི་འདུག བྱུང་ན་ཁོ་རང་ཚོས་དེ་བཞག་ནས་ང་ཚོ་མཉམ་འབྲེལ་བྱས་ནས་ལས་ཀ་གནང་ན་ཡག་པོ་རེད།

༸སྐུ་མདུན་གྱིས་ཆོས་ལུགས་རིས་མེད་གནང་གི་ཡོད་རེད།ང་ཚོ་ནང་པའི་ནང་ནས་བོད་ཀྱི་ནང་པའི་ཆོས་ལུགས་ཙམ་མིན་པར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཡི་ཤུ་ཁ་ཆེ་ཇེའུ་ཚང་མ་ལ་སྤྱི་ཡོངས་གནང་ནས་སངས་རྒྱས་པའི་འཚེ་བ་མེད་པའི་ལམ་དེའི་གང་ལ་ཕེབས་ཀྱི་ཡོད་རེད། པཎ་གྲུབ་བཅུ་བདུན་གྱིས་གཏན་ལ་བེབས་ཕེབས་པའི་ལམ་དེའི་གང་ལ་ཕེབས་ཀྱི་ཡོད་རེད། བྱས་ཙང་ཁོ་རང་ཚོས་བསམ་བློ་གཏོང་དགོས་རེད་ཅེས་ཞུ་བ་ཕུལ་གྱི་ཡོད། ད་དོལ་རྒྱལ་སྐོར་ལ། དོལ་རྒྱལ་དེ་དང་པོ་ཡིན་ན་བཀྲ་ཤིས་ལྷུན་པོ་ལ་རེ་བ་བརྒྱབས་ནས་ཁོ་པཎ་ཆེན་བློ་བཟང་ཆོས་རྒྱན་སློབ་མ་འདྲ་ཞིག་ཡིན་མིན་འགྲོ། ཁོས་རེ་བ་བརྒྱབས་ནས་བཀྲ་ཤིས་ལྷུན་པོར་སླེབས་འདུག བཀྲི་ཤིས་ལྷུན་པོར་སླེབས་དུས་རྣམ་སྲས་གཏེར་བདག་བརྒྱད་ཀྱིས་སྒོ་བཀག་ནས་ནང་ལ་བཏང་མི་འདུག དོལ་རྒྱལ་དེ་དགེ་ལུགས་པའི་བསྟན་པ་སྲུང་མཁན་ཞིག་ཡིན་ན་རྣམ་སྲས་གཏེར་བདག་བརྒྱད་ཀྱིས་དེ་འདྲ་གནང་གི་མ་རེད། བྱས་ཙང་། དེ་བཞིན་དུ་དཔལ་ལྡན་ལྷ་མོ་ཡང་འཁོན་ཡོད་རེད། དེས་ན་མང་པོ་ཞིག་གིས་དེ་འདྲ་གནང་ཡོད་རེད། དོལ་རྒྱལ་ལ་བསྟེན་ན་གཅིག་ནི་སངས་རྒྱས་བསྟན་པ་ལ་བར་ཆད།གཉིས་ནི་འཇམ་མགོན་བླ་མའི་བསྟན་པ་ལ་ཞེ་དྲག་གི་གེགས་ཆེ་བ། ཡང་བསྒོས་སུ་ང་ཚོ་བོད་མི་ནང་ཁུལ་མི་མཐུན་པ་ཡོང་བ་དེ་གང་གི་སྐྱོན་རེད་ཟེར་ན་འདྲེ་ཞིག་ལ་བསྟེན་པས་རེད། འདྲེ་དེ་ཁོ་ཚོ་མི་ནང་བཞིན་རེད། གཅིག་མ་འགྲིག་ན་ཁོས་ག་རེ་ཡིན་ན་གནོད་པ་བྱེད་ཀྱི་རེད། ངས་བྱས་ན་ཁོ་རང་ཚོས་མ་བསྟེན་ན་ཡག་གི་རེད། སངས་རྒྱས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟག་ལ་ང་ཡི་བཀའ་གསུངས་ཡོད་རེད། དེ་ནང་བཞིན་ང་ཚོས་ཀྱང་བརྟག་དཔྱད་ཡག་པོ་ཞིག་བྱེད། དཀྱིལ་ན་བསྡད་ནས་བརྟག་དཔྱད་ཡག་པོ་ཞིག་བྱ་དགོས།ཕྱོགས་གཅིག་ལ་བསྡད་ན་མཐོང་གི་མ་རེད་པ།དཀྱིལ་དེ་ལ་བསྡད་ནས་བརྟག་དཔྱད་ཡག་པོ་ཞིག་བྱས་ན་ཡག་ངན་གང་ཡིན་དེ་ལྷག་ཡོང་གི་རེད་པ།སངས་རྒྱས་རང་གི་ལུང་ནང་དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟག་ལ་ང་ཡི་བཀའ།།བླང་བར་བྱ་ཡིས་གུས་ཕྱིར་མིན།།་ཞེས་གསུངས་ལྟར་རེད། དེ་བཞིན་སྤྱིར་ན་སངས་རྒྱས་བསྟན་པ་དེ་འཚེ་བ་མེདཔ་རེད་པ།ཁོ་ཚོས་འཚེ་བ་གང་འདྲ་བྱས་ཀྱི་འདུག་དེ་ཙམ་ཡིན།

 

དྲི་བ། རྒྱུད་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་བསྟན་གསོལ་ཐད་བླང་དོར་བཀའ་སློབ་གནང་འགོ་བརྩམས་སྐབས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་གསེར་ཞལ་འཚོ་བཞུགས་ཡིན་པས། ༸གོང་ས་མཆོག་གིས་དོལ་རྒྱལ་བསྟན་གསོལ་ཐད་བླང་དོར་བཀའ་སློབ་གནང་དེར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཐུགས་མ་རངས་པ་དང་། ཡང་ན་མུ་མཐུད་བསྟན་དགོས་པའི་བཀའ་ ཕེབས་པ་སོགས་མཛད་མྱོང་ཡོད་དམ།

 རྒྱུད་སྨད་མཁན་པོ། ཡིན་ནའང་དེ་ཙམ་རྒྱུས་མེད་ཀྱང། སོ་སོའི་མྱོང་ཚོར་རམ་སོ་སོའི་སྐབས་ལ་གང་དང་གང་བྱུང་ཡོད་པ་དེའི་སྐོར་ང་རང་གིས་དྲན་ཚད་དེ་ཞུ་ཆོག་པར་གྱིས། ཡིན་ནའང་སྤྱིར་བཏང་ཐུགས་མ་རངས་བ་བྱུང་པ་དེ་འདྲ་ངས་གོ་མ་མྱོང་། ང་རང་གི་བསམ་ཚུལ་བྱས་པ་ཡིན་ན་༸སྐྱབས་རྗེ་རིན་པོ་ཆེས་༸རྒྱལ་བ་རིན་པོ་ཆེའི་སྐུའི་མཛད་འཕྲིན་རྒྱས་པའི་ཆེད་གང་འདྲ་བྱུང་བ་ཡིན་ནའང་དེ་ལ་ཐུགས་མཉེས་ཚོར་མ་གཏོགས་དགག་བྱ་ཡོང་གི་མ་རེད་བསམ་པ་དྲན་གྱིན་འདུག ༸སྐྱབས་རྗེ་རིན་པོ་ཆེ་དེ་འདྲའི་ཐུགས་གུ་དོག་པོ་དེ་འདྲ་མ་རེད། ང་རང་གི་བསམ་ཚུལ་དེ་འདྲ་རེད། ང་རང་ལ་ཉམས་མྱོང་ཐོག་གང་འདྲ་བྱུང་བ་རེད་ཟེར་ན། ང་གྲྭ་ཚང་སྨད་རེད། གྲ་ཚང་སྨད་ལ་སྔོན་མ་བོད་ལ་ཆ་བཞག་ན་རྒྱལ་ཆེན་བསྟེན་སྲོལ་བྱ་བའི་ལུགས་སྲོལ་ཡོད་པ་མ་རེད། མཁན་ཆེན་བློ་བཟང་དོན་གྲུབ་ཀྱིས་སྲུང་མ་གཉེར་དུ་གཏད་པའི་ཐ་འོག་ཆོས་རྒྱལ་ཆེན་པོ་དེ་རང་རེད་མ་གཏོགས་མེད། རྒྱ་གར་དུ་སླེབས་ནས་སྦག་སར་གཅིག་གིས་གཅིག་ལ་འདྲོགས་འདྲ་ལངས་ཧེད་འདྲ་ལངས་ནས་ང་ཚོའི་གྲྭ་ཚང་ནང་ལ་ཟླ་བསྐངས་གཏོང་བས་མཚོན་པའི་བསྟེན་གསོལ་བྱེད་མཁན་མང་པོ་ཞིག་བྱུང་། དེ་ནས་མུ་མཐུད་ནས་རྒྱ་གར་ལྷོ་ཕྱོགས་སུ་སླེབས་ནས་དེ་ག་རང་བྱུང་ཡོད། ཡིན་ནའང་གྲྭ་མང་ནང་བསམ་ཚུལ་མི་མཐུན་པ་མང་པོ་ཡོང་གི་ཡོད་པ་རེད།

སྔོན་མ་གྲྭ་ཚང་ལ་མེད་པ་ཞིག་གསར་པ་བྱས་པ་ཡིན་ཙང་གྲྭ་མང་གི་བསམ་བློའི་ནང་ལ་ཡག་པོ་མི་འདུག་སྙམ་ནས་བསམ་ཚུལ་བཤད་མཁན་མང་པོ་བྱུང་རེད། འགའ་ཞིག་གིས་ཨུ་ཚུགས་རྒྱབ་ནས་དེ་འདྲ་བསྟེན་ཡོང་དུས་ནང་ཁུལ་མི་མཐུན་པ་མང་པོ་ཡོང་གི་ཡོད་པ་རེད། མ་ཟད། ང་ཚོའི་གྲྭ་ཚང་ནང་ལ་གྲ་མ་འགྲིག་པ་མང་པོ་ཡོང་བ་དེ་ངས་མཐོང་ཆོས་སུ་གྱུར་པ་རེད། དེ་ནས་སྐྱབས་རྗེ་བྲག་སྐྱབས་རིན་པོ་ཆེ་བཞུགས་ཡོད་པ་རེད། བྲག་སྐྱབས་རིན་པོ་ཆེ་བླ་མ་བསམ་གྱིས་མི་ཁྱབ་པ་བཀའ་གདམས་པའི་ཉམས་བཞེས་གནང་མཁན་མཁས་བཙུན་བཟང་གསུམ་གྱི་བླ་མ་ཆེན་པོ་ཞིག་རེད། དེ་ནས་རིན་པོ་ཆེ་ལ་ང་ཚོས་ཐུགས་དམ་ག་ཚོད་ཞུས་ནའང་རེད། དེ་ག་ནང་བཞིན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ལོ་ཆག་ཅན་གྲྭ་ཚང་གིས་ཐུགས་དམ་ས་བོན་ཕུལ་དུས། ཆོས་སྐྱོང་ལ་ཉམས་གྲིབ་ཕོག་འདུག་ཅེས་ཡང་ནས་ཡང་དུ་ཆོས་སྐྱོང་གི་བསྐང་གཤགས་གསོག་རྒྱུ་དེ་འདྲ་ང་རང་གི་མཐོང་ཆོས་སུ་གྱུར་པ་རེད། དེའི་རྐྱེན་པས་སྐྱབས་རྗེ་བྲག་སྐྱབས་རིན་པོ་ཆེ་དབུ་བཞུགས་ཐོག་ཆོས་སྐྱོང་ལ་གྲིབ་སེལ་ཟེར་བའི་ཞབས་བརྟན་ཞིག་ཞུ་རྒྱུ་འདུག ཡིག་བརྒྱ་དང་གཤགས་པ་སྤེལ་མར་འདོན་ནས་གྲིབ་སེལ་མང་པོ་བྱས་པ་རེད། ཡིན་ནའང་རྒྱལ་ཆེན་མུ་མཐུད་ནས་བསྟེན་གྱི་ཡོད་སྟབས་ཆོས་སྐྱོང་གི་ཐོག་ལ་འཁོན་དོག་མང་པོ་ཞིག་འགྲོ་གི་ཡོད་པ་ང་རང་གི་མཐོང་ཆོས་སུ་གྱུར། ང་རང་གི་གོ་ཚོད་བྱས་ན་མཚམས་རེར་མཚན་གུང་སེམས་ཅན་ཁྱད་མཚར་པོ་མཱ་ཧེ་སྐད་རྒྱག་པ་དེ་འདྲ་ང་རང་གིས་གོ་མ་མྱོང་དེ་གོ་མཁན་དེ་འདྲ་བྱུང་ཡོད་པ་རེད། དེ་འདྲ་ཡོང་གི་ཡོད་སྟབས། བང་རི་རིན་པོ་ཆེས་མཁན་པོ་གནང་ནས་ཁོང་སྐྱབས་རྗེ་རིན་པོ་ཆེར་ཐུགས་འདྲིས་པའི་བླ་མ་གྲས་རེད། ཁོང་གིས་དེ་འདྲ་ཞུས་ནས་གྲྭ་ཚང་ལ་དེ་འདྲ་ཡོང་གི་འདུག ག་དུས་ཡིན་ནང་ཆོས་སྐྱོང་འཁོན་དོག་དེ་འདྲ་ཡོང་གི་འདུག གྲྭ་ཚང་གིས་དེ་བསྟེན་པ་དེ་གང་འདྲ་ཡིན་ནམ། གྲྭ་མང་ནང་ལ་ལྟ་བ་མི་མཐུན་པ་ཡོང་གི་ཡོད་སྟབས། སྐྱབས་རྗེ་རིན་པོ་ཆེར་བཀའ་འདྲི་ཞུ་དུས་སྐྱབས་རྗེ་རིན་པོ་ཆེ་ནས་ད་གྲྭ་ཚང་གིས་དེ་བསྟེན་གསོལ་དེ་གཡུག་ཞོག་ཅེས་བཀའ་གནང་འདུག དེ་ཡིན་ཙང། དེ་ཡང་ཚོགས་ལ་དེ་ག་ཙམ་མ་བསྟེན་ལབ་ན་ཡང་ཁག་པོ་རེད། དེ་ནས་སྐྱབས་རྗེ་རིན་པོ་ཆེ་ནས་བཀའ་དེ་འདྲ་རང་ཕེབས་གནང་སོང་། ངས་སྐྱབས་རྗེ་རིན་པོ་ཆེ་རང་ལ་བཀའ་འདྲི་ཞུས་པ་ཡིན། བཀའ་དེ་ག་རང་ཕེབས་སོང་། ད་ནས་བཟུང་གྲྭ་ཚང་རང་གིས་བསྟེན་གསོལ་བྱ་བ་དེ་ཆོག་གི་མེད་ཅེས་ཐུགས་ཐག་བཅད་པ་རེད། མ་ཟད། ཐ་འོག་གི་བསྐང་གསོ་དེ་དཔར་ཤིང་གསར་པ་བརྐོས། སྔོན་མ་དཔར་ཤིང་ཞིག་ཡོད་ཀྱང་། དེའི་ནང་འབྲུ་བསྣོན་སྐྱབས་རྗེ་རིན་པོ་ཆེར་སྙན་གསེང་ཞུས་ནས་ལྗགས་རྩོམ་གནང་པ་དེ་འདྲ་བྱུང་ཡོད་པ་རེད། ཐ་འོག་གི་མཆོད་བསྟོད་དེ་ཚོ་སྐྱབས་རྗེ་རིན་པོ་ཆེས་ལྗགས་རྩོམ་གནང་པ་རེད། སྐུ་གསར་པ་བཞེངས། དེ་ནས་བཟུང་གྲྭ་ཚང་ནས་དོལ་རྒྱལ་བསྟེན་གསོལ་མ་བྱས་པ་རེད། སོ་སོའི་ངོས་ནས་མྱོང་ཚོར་དེ་འདྲ་བྱུང་སོང་། སྐྱབས་རྗེ་རིན་པོ་ཆེ་ནས་གསུང་དགོས་སར་མ་བསྟེན་ཞེས་གསུངས་ཡོད་རེད་མ་གཏོགས། དེ་ཡང་ཞེ་པོ་གཅིག་རེད་ཅེས་ཨུ་ཚུགས་གང་ཡང་གནང་ཡོད་པ་མ་རེད། ང་རང་གི་བསམ་ཚུལ་དང་མྱོང་ཚོར་འདི་འདྲ་ཞིག་ཞུ་རྒྱུ་ཡོད། མ་ཟད་སྐྱབས་རྗེ་རིན་པོ་ཆེས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེའི་མཛད་འཕྲིན་ག་ཚོད་རྒྱས་པ་ཡིན་ན་དེ་ལ་ཡི་རངས་མ་གཏོགས་ཡོད་རྒྱུ་མ་རེད། སྔོན་མར་ངས་དེ་འདྲ་གོ་མྱོང་། སྐྱབས་རྗེ་རིན་པོ་ཆེས་རྒྱལ་བའི་ཡོངས་འཛིན་གནང་སྐབས་རྒྱལ་དབང་སྐུ་ཕྲེང་འདི་རྒྱལ་དབང་སྐུ་ཕྲེང་ཡོངས་རྫོགས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་སྐྱོང་ཐུབ་མཁན་ཞིག་ཡོང་གི་ཡོད། བོད་པའི་བསོད་ནམས་ཀྱིས་ལྕོགས་ན་བསམ་གྱིས་མི་ཁྱབ་པ་གཅིག་ཡོང་གི་ཡོད་ཅེས་བཀའ་གནང་འདུག སྔོན་ཆད་རེད་ད་ལྟ་མ་རེད་ཟེར་བའི་སྐད་ཆ་མ་རེད།དེ་ག་རང་གནས་བསྡད་ཡོད་པ་རེད། སྐྱབས་རྗེ་རིན་པོ་ཆེས་༸སྐྱབས་མགོན་རིན་པོ་ཆེའི་མཛད་འཕྲིན་རྒྱས་པར་འགལ་རྐྱེན་ནམ་ཡང་གནང་གི་མ་རེད། ༸སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་ནང་བཞིན་རེད། སྐྱབས་རྗེ་རིན་པོ་ཆེ་ད་ལྟ་ཞལ་བཞུགས་པ་ཡིན་ན་གནས་ཚུལ་དེ་འདྲ་ཡོང་གི་མ་རེད། དེ་ཏན་ཏན་བཀའ་སློབ་གནང་བ་ནང་བཞིན་རེད་བསམ་གྱི་འདུག ཡིན་ནའང་བསམ་ཤེས་མ་ཐུབ་མཁན་མང་པོ་ཞིག་མཉམ་དུ་སྡོམ་ནས་སྐྱབས་མགོན་རིན་པོ་ཆེར་ཏོག་ཙམ་མཚན་སྨད་ཞུ་མཁན་དེ་འདྲ་ཡོང་གི་ཡོད་པ་རེད། ང་རང་གི་བསམ་ཚུལ་དེ་འདྲ་རེད། རི་བོ་དགེ་ལུགས་པའི་དགོན་སྡེ་ཆེ་ཁག་ཚང་མས་སྔོན་མ་ནས་དོལ་རྒྱལ་བསྟེན་མཁན་ཧ་ལམ་མེད་པ་རེད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་སེར་འབྲས་དགའ་གསུམ་དེ་བཞིན་རྒྱུད་གྲྭ་སྨད་སྟོད་གཉིས་དེ་ཚོ་རེད།དེ་ཚོ་ཕྱག་འདེབས་མཁན་ཚོས་གཉེར་དུ་གཏད་པའི་སྲུང་མ་དེ་རང་བསྟེན་པ་མ་གཏོགས་གཞན་ལུགས་སྲོལ་མེད་པ་རེད། དེ་འདྲ་བསྟེན་པ་ཡིན་ན་གྲྭ་ཚང་དེར་བཀྲ་མ་ཤིས་པ་དང་གྲ་མ་འགྲིག་པ་ཡོང་བ། གོང་དུ་ཞུས་པ་བཞིན་ཕྱིས་སུ་བསྟེན་མཁན། ཡང་གསར་དུ་རྒྱལ་ཆེན་བསྟེན་མཁན་ཚོར་རྙོག་དྲ་བྱུང་བ་དེ་ཞུ་མ་དགོས་པ་རེད། མ་འོངས་པར་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དགོས་པ་བླ་ན་མེད་པའི་ཐོག་ནས་རེད་མ་གཏོགས་དགའ་མིན་དགའ་དོག་རྩ་བ་ནས་མ་རེད། རྒྱུ་མཚན་མཐོང་བའི་ཐོག་ནས་རེད། ང་རང་གིས་དེ་འདྲ་བསམ་གྱི་འདུག ༸སྐྱབས་མགོན་རིན་པོ་ཆེས་སྐུ་ཚེ་འདི་ལ་བོད་བསྟན་པ་ཆབ་སྲིད་ལ་ག་ཚོད་ཅིག་བཀའ་དྲིན་བསྐྱངས་ཡོད་པ་དང་།

ལྷག་པར་དུ་རི་བོ་དགེ་ལུགས་པར་ག་ཚོད་བཀའ་དྲིན་བསྐྱངས་ཡོད་རེད། དངོས་གནས་རྒྱལ་ཆེན་ཟེར་བ་དེ་རི་བོ་དགེ་ལུགས་པའི་བསྟན་བསྲུང་ཡིན་ན། རི་བོ་དགེ་ལུགས་པའི་བསྟན་པ་དག་ཐེར་གནང་མཁན་ཞིག་ལ་གནོད་ཅིང་འཚེ་བ་བྱེད་ན་རང་ཉིད་ཀྱི་གནས་སྟངས་གང་འདྲ་ཞིག་ཆགས་པ་རེད། དེ་ཡག་པོ་མ་རེད། དེས་ན་གང་ཡང་མ་ཤེས་མཁན་ཚོས་༧སྐྱབས་མགོན་རིན་པོ་ཆེར་མཚན་སྨད་བྱས་ཡོང་དུས། འཇམ་མགོན་བླ་མའི་གསུང་གི་སྙིང་པོ་དཔལ་གསང་བ་འདུས་པའི་འགྲེལ་བ་བཞི་སྦྲགས། དེ་བཞིན་རྫོགས་རིམ་རིམ་ལྔ་གསལ་སྒྲོན་དེ་ཚོ་ལ་ང་ཚོས་འཆད་ཉན་གནང་གི་ཡོད་རེད། དེ་ཚོའི་ནང་བླ་མ་ལ་བརྙས་སྨོད་བྱེད་པ་དང་། ང་ཚོར་བླ་མ་ནས་དབང་བསྐུར་རྒྱུད་བཤད། མན་ངག་གནང་བས་སྐྱབས་མགོན་རིན་པོ་ཆེ་ང་ཚོའི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཆགས་ཡོད་པ་རེད། དེ་ག་ནང་བཞིན་ང་ཚོའི་ནང་མང་པོ་ཞིག་གིས་དགེ་ཚུལ་སློང་གི་སྡོམ་པ་ཞུས་ཡོད་པ་རེད། དེས་ན་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན། ནང་པའི་ཆོས་དངོས་གནས་བྱེད་མཁན་ཞིག་ཡིན་ན་ང་ཚོའི་བོད་ཀྱི་ཆོས་བརྒྱུད་བཞི་ཡོངས་སུ་རྫོགས་པར་བཤེས་གཉེན་བསྟེན་ཚུལ་སྐོར་ལྟ་བ་མཐུན་ཡོད་པ་རེད། རང་གི་ལམ་ཉམས་ལེན་ཡར་རྒྱས་འགྲོ་བར་གེགས་རྐྱེན་དེ་གང་ནས་ཡོང་གི་ཡོད་དམ་ཞེ་ན། བླ་མ་ལ་བསྟེན་ཡག་ཉེས་ཐོག་ནས་ཡོང་གི་ཡོད་པ་དེ་སྤྱིའི་ཡོངས་གྲགས་རེད། དེ་བཞིན་འགྲེལ་པ་བཞི་སྦྲགས་ལས། ཚེ་འདིར་མཚམས་མེད་ལྔ་དང་སྡིག་པ་ཆེན་པོ་གང་འདྲ་བྱས་པ་ཡིན་ནའང་སོ་སོས་ཉམས་ལེན་ཡག་པོ་བྱས་ན་ཚེ་འདིར་ཟུང་འཇུག་གི་གོ་འཕང་འཐོབ་རྒྱུ་ཡོད་རེད། རིགས་དམན་པ་གདོལ་པའི་རིགས་ལ་སོགས་པ་རྟེན་དམན་པ་དག་ལ་གསང་བ་འདུས་པའི་ཉམས་ལེན་བྱས་ན་ཚེ་འདིར་ཟུང་འཇུག་གི་གོ་འཕང་འཐོབ་རྒྱུ་ཡོད། ཡིན་ནའང་བླ་མ་ལ་བརྙས་སྨོད་བྱེད་པའི་མི་དེ་དམྱལ་བར་འགྲོ་བ་དང་སྔགས་ཉམས་སུ་བླངས་ནས་དམྱལ་བར་འགྲོ་བ་དང་འདྲ་བར་གསུང་། ངའི་བླ་མ་གོང་མ་མང་པོས་གསུང་སྲོལ་ལ། སྟོན་པ་རྡོ་རྗེ་འཆང་ལ་ཕྱག་ན་རྡོ་རྗེས་བཀའ་འདྲི་ཞུ་པར་བླ་མ་ལ་བརྙས་སྨོད་བྱེད་པའི་ཉེས་པ་གང་ལགས་ཞུ་པར། དཔའ་བོ་བསྒྲིམས་ཏེ་ཉོན་ཤིག་ཤིན་ཏུ་གསང་བའི་སྒོ་ནས་ཉོན་ཤིག་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་བརྙས་སྨོད་བྱས་པའི་ཉེས་པ་དེ་ཧ་ཅང་ཚབས་ཆེན་ཡིན་པ་གསུངས་ཡོད་པ་རེད། ཚེ་འདིར་ག་ཚོད་ཉམས་ལེན་བྱས་ཀྱང་དམྱལ་བར་འགྲོ་བ་དང་འདྲ་ཡིན་གསུངས་ཡོད། དེས་ན་ནང་པ་སངས་རྒྱས་པའི་ཆོས་ཟེར་བ་དེ་སྙིང་རྗེ་རྩ་བ་ཅན་ཡིན་པས་མ་ཤེས་མཁན་ཚོ་ལ་གསལ་བཤད་བྱེད་དགོས་པ་རེད། ང་ཚོས་དེ་འདྲ་མ་བྱེད་རང་ཉིད་ཤི་དུས་དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ།ཞེས་སོགས་གསུངས་པ་ལྟར་སོ་སོའི་དགེ་སྡིག་ལ་སྐྱེ་བ་ཕྱི་མ་གང་ཞིག་འགྲོ་བ་རག་ལས། དེ་ནི་རང་གཅིག་པུས་འགན་འཁུར་ནས་འགྲོ་དགོས་པ་མ་གཏོགས་སྔོན་མར་ཁོས་ལབ་སོང་ད་འགྲིག་མ་སོང་ཟེར་བ་ལྟ་བུའི་སྐད་ཆ་བཤད་ནས་འགྲིག་ས་མེད། དེས་ན་ང་ཚོས་བསམ་པ་བཟང་པོ་བྱས་ཞུ་གིན་ཡོད། སོ་སོ་ཡིན་ནའང་བླང་དོར་མ་འཛོལ་བ་བྱ་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེ་ནི་ང་རང་གི་བསམ་ཚུལ་ཡིན།

 

དྲི་བ། རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག དེང་དོལ་རྒྱལ་རྗེས་འབྲང་པ་ཚོས་ས་གནས་གང་སར་ངོ་ཚ་ཁྲེལ་གཞུང་མེད་པར་ཏཱ་བླའི་བླ་མ་སྐྱག་རྫུན་མ་བཤད་ཅེས་སྐད་བཅོར་བརྒྱབ་བཞིན་འདུག་ན་སྐྱག་རྫུན་ག་རི་གསུངས་སོ་ཟེར་གྱི་ཡོད་དམ། དོན་དངོས་ཐོག་སྐྱག་རྫུན་བཤད་མཁན་དེ་སུ་ཡིན་གསལ་པོ་གསུངས་རོགས་གནང།

 རྒྱུད་སྟོད་མཁན་རིན་པོ་ཆེ། ༸སྐྱབས་མགོན་རིན་པོ་ཆེའི་མཚན་ལ་གུས་ཞབས་མེད་པར་སྐྱག་རྫུན་མ་ཤོད་ཟེར་བ་དེ་ཡོངས་གྲགས་ཐོག་འབོད་སྒྲ་སྒྲོག་རྒྱུ་དེ་འདྲ་ཞིག་དེང་སང་བྱེད་ཀྱི་འདུག སྐྱབས་མགོན་རིན་པོ་ཆེ་ནུབ་ཕྱོགས་ཁག་ལ་ཆིབས་བསྒྱུར་གནང་དུས་དེ་འདྲ་བྱེད་ཀྱི་འདུག ང་ཚོས་དཔྱད་ཞིབ་གཅིག་བྱེད་ན་སྐྱག་རྫུན་མ་ཤོད་ཅེས་པའི་རྫུན་ཅེས་པའི་ཚིག་དེར་རྫུན་ག་རེ་གསུངས་པ་རེད་ཅེ་དྲིས་ན་གཞི་རྟེན་མེད་པ་ཞིག་རེད། རྫུན་མ་བཤད་ཟེར་བའི་ཚིག་དེ་ག་རང་རྫུན་ཆགས་ནས་བོད་མིའི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གཏོར་བཤིག་བཏང་བ་དོན་ཚན་གཅིག རྒྱ་ནག་གུང་ཁྲན་དམར་པོ་རིང་ལུགས་ཀྱིས་རྒྱབ་ལོགས་ནས་ལྐོག་བརྔན་གྱི་མཐུན་འགྱུར་སྦྱར་བཞག་པ་དེའི་འདོད་པ་སྐོང་ནས་འབོད་སྒྲ་སྒྲོག་པ་ཞིག་རེད་མ་གཏོགས། སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་རབ་དང་རིམ་པར་གསུངས་བཞག་པའི་ནང་ནས་ཚིག་འདི་གཞུང་འདི་དང་འགལ་བའི་རྫུན་ཟེར་བ་ཞིག་གཞི་རྟེན་མེད་པ་ཞིག་རེད། ཡིན་རྒྱུ་དོལ་རྒྱལ་སྐོར་དེ་༸སྐྱབས་མགོན་རིན་པོ་ཆེས་དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་བཀའ་སློབ་རབ་དང་རིམ་པ་མང་པོ་ཞིག་གནང་བ་དེ་ཏག་ཏག་རེད་མི་འདུག་མདོག་མདོག་ཡིན་པའི་ཁུལ་རེད། དོན་དངོས་ཐོག་ཆ་བཞག་པ་ཡིན་ན་ད་ནས་བརྩིས་པའི་མི་ལོ་སུམ་བརྒྱ་ལྷག་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བཞུགས་གདན་འཇགས་པའི་སྐབས་ནས་བྱུང་བ་རེད། ༸རྒྱལ་མཆོག་ལྔ་པ་ཆེན་པོས་རྒྱུ་སྨོན་ལོག་པ་ལས་བྱུང་ཡིན་པ། ངོ་བོ་དམ་སྲི་ཡིན་པ། བྱེད་ལས་བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་པ་ཡིན་པ་དེའི་ཐོག་ནས་དམ་མིན་དམ་བརྫུས་གྲགས་པ་རྒྱལ་མཚན་ཞེས།། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདི།། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན།། མགོན་སྐྱབ་དཔུང་གཉེན་མ་མཛད་ཐལ་བར་བརློག། ཟུར་བསྐང་ནང་གསལ་པོ་བཀོད་ནས་རྒྱུ་དང་ངོ་བོ་དང་བྱེད་ལས་བཅས་ཆ་ཚང་བ་ཞིག་གསུངས་ཡོད། དེ་ཙམ་དུ་མ་ཟད་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྐུ་མདུན་ལ་བཅར་བའི་སྐབས་རྣམ་སྲས་གཏེར་བདག་བརྒྱད་ཀྱིས་བཀག་བཞག་པ་དེ་འདྲ་རེད། དེ་ནི་དུས་རབས་བཅུ་བདུན་པའི་སྐབས་ཡིན་པ་རེད། དེ་ནས་དུས་རབས་བཅོ་བརྒྱད་ཡས་མས་སྐབས་ལ་ཁྲི་ཆེན་ངག་དབང་མཆོག་ལྡན། ཕུར་ལྕོག་ཡོངས་འཛིན་བྱམས་པ་རྒྱ་མཚོ། དེ་ནས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། དེ་ནས་དུས་རབས་བཅོ་བརྒྱད་ཡས་མས་ལ་ལྕང་སྐྱ་རོལ་པའི་རྡོ་རྗེ། དངུལ་ཆུ་དྷ་རྨ་བྷ་དྲ། དུས་རབས་བཅུ་དགུ་ཡས་མས་སྐབས་པཎ་ཆེན་བསྟན་པའི་དབང་ཕྱུག དུས་རབས་ཉི་ཤུའི་མགོར་༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་ལ་སོགས་པའི་བོད་ཆོལ་ཁ་གསུམ་ལ་མཚན་སྙན་ཡོངས་སུ་ཁྱབ་པའི་རི་བོ་དགེ་ལྡན་པའི་རྣམ་ཐར་གཙང་མ་སྐྱོང་བ་མང་པོ་ཞིག་གིས་དོལ་རྒྱལ་ལ་དམ་བསྒྲགས་གནང་བ་དེ། ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དེ་༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་གནས་ཚུལ་ཞིབ་ཅིང་ཕྲ་བ་ཐུགས་ལ་མངའ་ནས་མ་ནོར་ལམ་སྟོན་གྱི་བཀའ་སློབ་རབ་དང་རིམ་པ་དང་། སྤྱིར་རྒྱལ་བའི་བསྟན་པ་དང་བྱེ་བྲག་རི་བོ་དགའ་ལྡན་པའི་བསྟན་པ་ལ་དག་ཐེར་མཛད་པའི་སྒོ་ནས་འདི་འགྲིག་པ་དང་འདི་མ་འགྲིག་པ་ཡིན་པའི་སྐོར་མར་གསུངས་བཞག་པ་མ་གཏོགས་སྐྱབས་མགོན་རིན་པོ་ཆེས་ད་ལན་གསར་དུ་བཀག་འགོག་མཛད་པ་ཞིག་རྩ་བ་ནས་མ་རེད། སྔོན་མ་ལོ་རྒྱུས་ཡོད་བསྡད་པ་དག་ཕྱོགས་སྡོམ་མཛད་ནས། ད་ལྟའི་དུས་རབས་ཀྱི་བོད་མི་མང་དང་། ལྷག་དོན་རི་བོ་དགེ་ལྡན་པའི་བསྟན་འཇུག་མཛད་པ་དག་ལ་མ་ནོར་ལམ་སྟོན་གྱི་མཇུག་སྡོམ་མཛད་པ་ཞིག་ཡིན་པ་ལོ་རྒྱུས་བྱུང་རིམ་གྱི་ཐོག་ནས་གསལ་པོ་ཤེས་ཐུབ།

དེ་སྐྱག་རྫུན་དང་ཧམ་པ་རྩ་བ་ནས་མིན་པ་ལོ་རྒྱུས་བྱུང་རིམ་སྟེང་ནས་ར་འཕྲོད་ཐུབ་པ་ཞིག་རེད། དོན་ངོ་ཐོག་ནས་ཞུ་ན་སྐྱབས་མགོན་རིན་པོ་ཆེ་འདི་ལྟ་བུ་ཞིག་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་གཉན་འཕྲང་འདི་འདྲའི་སྐབས་ལ་སྤྱིར་བསྟན་པ་དང་བྱེ་བྲག་ཏུ་འཇམ་མགོན་བླ་མའི་བསྟན་པར་མཛད་རྗེས་གང་འདྲ་གནང་ཡོད་པ་དུས་ཚོད་ཐུང་ངུ་འདིར་ཞུ་ཐུབ་ཐབས་དང་ཞུ་ཚར་ཡས་མེད་པ་རེད། ལམ་རིམ་ཆེ་ཆུང་གིས་མཚོན་པའི། རྩ་འཇུག་རྣམ་བཤད། ལེགས་བཤད་གསེར་ཕྲེང་། དྲང་ངེས་ལེགས་བཤད་སྙིང་པོ། དཔལ་དུས་ཀྱི་འཁོར་ལོས་མཚོན་པའི་དབང་ལུང་ཁྲིད་མན་ངག   གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱིས་མཚོན་པའི་འཇམ་མགོན་བླ་མའི་གསུང་འབུམ་པོ་ཏི་བཅོ་བརྒྱད་དེ་དེང་སང་གི་དུས་ཚོད་དེ་ལ་སུས་བདག་པོ་རྒྱག་ཡོད་དམ་ཅེ་ན། བློ་གཟུ་བོར་གནས་པའི་ཐོག་ནས་མཇལ་ན་༸སྐྱབས་མགོན་རིན་པོ་ཆེ་ཁོ་ན་མ་གཏོགས་འགྲོ་ས་མེད་པ་ཞིག་རེད། དེ་ཡང་དེང་སང་གི་དུས་ཚོད་ལ་དེ་ཚོ་ལ་སོ་སོས་དོ་སྣང་གཏན་ནས་མ་བྱས་པར་འདོད་ཡོན་གྱི་གཞན་དབང་དུ་ཕྱིན། དངུལ་གྱི་གཞན་དབང་དུ་ཕྱིན་ནས་སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨོད་དངོས་སུ་རྗེན་པ། ཕྱི་ལོག་གི་མི་ཡིན་ན་གནས་ཚུལ་ཁ་ཁ་རེད། ང་ཚོའི་བོད་རིགས་རྩམ་གཟན་ཞིག་གིས་སྐད་འབོད་དང་ངོ་རྒོལ་བྱས་པ་དེར་ཧ་ལས་པའི་བློ་ཕམ་དང་། སྡིག་པ་ཚབས་ཆེན་བསགས་པ། དཔལ་ལྡན་ཟླ་བ་གྲགས་པས། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་བ་བརྒྱར། །བསགས་པ་སྐད་ཅིག་སྐད་འཇོམས་དེའི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན།།ཞེས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལ་ཁྲོ་སེམས་ཀྱིས་དུས་སྐད་ཅིག་མ་གཅིག་ངན་སྨོད་བརྗོད་པ་ཡིན་ན་བསྐལ་པ་དཔག་ཏུ་མེད་པར་བསགས་པའི་ཕར་ཕྱིན་དྲུག་གི་ཉམས་ལེན་གྱིས་དགེ་བ་བྱས་པ་དག་འཇོམས་འགྲོ་བ་དང་། མི་བཟོད་པའི་སྡུག་བསྔལ་མྱོང་དགོས་པ་ཞིག་ཡོང་གི་རེད་གསུངས་འདུག དེ་འདྲའི་ལས་ངན་ཚབས་ཆེན་བསགས་པའི་གནས་ཚུལ། ཞལ་རྫུན་མ་གསུངས་ནའང་ཞལ་རྫུན་གསུངས་པ་རེད་ཟེར་བ་དང་། འཁྱོག་བཤད་མ་གནང་ནའང་འཁྱོག་བཤད་གནང་པ་རེད་ཟེར་བ། རི་བོ་དགེ་ལྡན་པའི་བསྟན་པ་ཡོངས་སུ་རྫོགས་པ་བདག་པོ་བསྐྱོན་དང་བསྐྱོན་བཞིན་པ་འདི་ལས་ལྷག་པ་མེད་པ་ཞིག་ལ་དེ་གཏོར་བཤིག་གཏང་གི་འདུག་ཟེར་ནས་ཧམ་བཤད་བྱས་པ་དེ་དག་ནི་རང་རང་སོ་སོའི་རྨོངས་པས་སྒྲིབ་པའང་གདོན་གྱིས་བརླམས་པ་རེད།

གང་ལྟར་ཧ་ཅང་ལས་ངན་པ་བསགས་པ་དེ་ང་ཚོ་བློ་ཕམ་དགོས་པ་ཞིག་རེད་བསམ་གྱི་འདུག   གཞི་རྐང་༸སྐྱབས་མགོན་རིན་པོ་ཆེས་བཀའ་དྲིན་གནང་སྟངས་ཐོག་ཕྱིར་ལྟས་ཤིག་བྱས་པ་ཡིན་ན་བོད་ཞི་བདེ་ལྷིང་འཇགས་ཡོད་པའི་སྐབས་སུ་སྐུ་ན་ཕྲ་མོའི་དུས་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་བཞེས་ནས་བོད་གངས་ཅན་ལྗོངས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་གནང་པ་རེད། ལྷག་དོན་ལྔ་བཅུ་ང་དགུ་ལོར་དུས་ཚོད་ཉག་ཕྲ་བའི་སྐབས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་སྐབས་བོད་དང་བསྟན་པ་ལྷག་དོན་རི་བོ་དགེ་ལུགས་པ་ཞུ་བ་དེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཡངས་པ་ཅན་དུ་དགའ་ལྡན་ཕྱག་བཏབ།ཁོང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་དང་འཇམ་དབྱངས་ཆོས་རྗེ་རྣམ་པ་གཉིས་ཀྱིས་སེ་ར་དང་འབྲས་སྤུངས་གཉིས་ཕྱག་བཏབ་གནང་བ་རེད། རྒྱད་ཆེན་ཤེས་རབ་སེང་གེས་རྒྱུད་གྲྭ་ཕྱག་བཏབ། རྗེ་དགེ་འདུན་གྲུབ་པས་བཀྲིས་ལྷུན་པོ་ཕྱག་བཏབ། གང་ལྟར་འཇམ་མགོན་བླ་མའི་དངོས་སློབ་ཚོས་ཕྱག་བཏབ་པའི་རི་བོ་དགེ་ལུགས་པ་ཟེར་བ་དེ་མཆོད་རྟེན་མགོ་མཇུག་ལོག་ན་བང་རིམ་སྐེད་པ་ཟེར་བ་བཞིན་ད་ལྟ་རྒྱ་གར་འཕགས་པའི་ཡུལ་ལ་ཁྲ་ཐིང་ཐིང་ཡོད་པ་ ཕྱིའི་སྣོད་ཀྱི་བཀོད་ཡིན་ནའང་སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཁོ་ན་དང་། ནང་བཅུད་ཀྱི་བསླབ་པ་སློབ་གཉེར་གྱི་རིམ་པ་ཡིན་ནའང་སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཁོ་ནའི་འོག་གདན་སའི་མཁན་གདན་ཟུར་དང་། གྲྭ་སའི་དཔེ་ཆ་བ་ཚང་མས་འུར་འཁྱིལ་འཁྱིལ་བདག་པོ་གནང་ནས་རང་རང་ལ་སྐབས་བསབ་ཀྱི་ལས་འགན་གནང་བྱས། ད་ལྟ་ང་ཚོ་ཕ་ཐོག་མི་ཐོག་གི་ཕ་མེས་ཀྱི་ཡོན་ཏན་དེ་དག་མི་ཐོགས་རྗེས་མར་རྩིས་སྤྲོད་གནང་ཐུབ་པ་བྱུང་ཡོད། དོན་དངོས་ཐོག་བོད་རིགས་སུ་གཏོགས་པ་དང་བསམ་ཤེས་ཡོད་མཁན་ཞིག་ཡིན་ན་༧སྐྱབས་མགོན་རིན་པོ་ཆེས་དེ་འདྲའི་ཐོག་བཀའ་སློབ་གནང་བ་དེས་རང་དབང་འཕྲོག་པའི་སྐད་ཆ་མ་རེད། བཀའ་དྲིན་མེད་པའི་སྐད་ཆ་མ་རེད། བཀའ་དྲིན་ངས་ཞུས་མ་ཐག་པ་དེ་རེད། བསྟེན་མ་བསྟེན་སོ་སོར་རང་དབང་རེད་ད། དུག་ཟ་དང་མ་ཟ་དང་གཡང་ལ་མཆོངས་དང་མ་མཆོངས་སོ་སོའི་རང་དབང་རེད་ཅེས་ཁ་ཆེ་ཕ་ལུའི་ལོ་རྒྱུས་གསུངས་ནས་བཀའ་སློབ་རབ་དང་རིམ་པ་གནང་བཞག་པ་རེད་མ་གཏོགས། ཁྱོད་ཆོག་གི་མ་རེད་ཅེས་བཀག་བཞག་པ་ཞིག་རྩ་བ་མེད། གཞན་ཕར་བཞག་ད་ལྟའི་དུས་དེར་སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་གནང་བཞག་པ་དེའི་ཐོག་ནས་གོང་དུ་ཞུས་པ་བཞིན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམས་ཀྱིས་ཕྱག་བཏབ་པའི་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་རྒྱད་གྲྭ་སྨད་སྟོད་དང་བཅས་པའི་དགོན་པ་དག་གི་བསྟན་བདག་རྣམ་གསུམ་མཚོན་པའི་ལས་ཀྱི་སྣེ་མོ་དག་གིས་སྐྱབས་མགོན་རིན་པོ་ཆེས་རྒྱུ་མཚན་དགོས་པ་དང་བཅས་པ་དཔྱད་གསུམ་རྣམ་པར་དག་པའི་གསུང་བཞག་པ་དེར་ཡིད་དང་བ་དང་ཚད་མས་ངེས་པར་རྙེད་ནས་ཤར་བསྐྱོད་གནང་ཏེ། འདུལ་བའི་ནང་ཁྲིམས་དང་སྔགས་དང་རྒྱུད་སྡེ་ཐོག་ནས་ཚུལ་ཤིང་བཞེས་དགོས་སར་ཚུལ་ཤིང་བཞེས། དགེ་འདུན་གྱི་ཁྲིམས་སུ་བཅས་དགོས་སར་ཁྲིམས་སུ་བཅས་པ་དེ་བཙན་བཀག་གནང་པའི་སྐད་ཆ་ཡང་མ་རེད། དབང་ཡོད་བཤད་པའི་སྐད་ཆ་ཡང་མ་རེད། འདུལ་བའི་འགྲོ་སྟངས་དང་མཐུན་པ། སྔགས་རྒྱུད་སྡེའི་འགྲོ་སྟངས་དང་མཐུན་པ་རེད། དཔེར་ན་འདུལ་བའི་ནང་སྡིག་ལྟ་མི་གཏོང་པའི་ལྟུང་བ་དང་། དགེ་ཚུལ་བསྙིལ་བ་སྡུད་བའི་ལྟུང་བྱེད་སྐབས་བཅོས་ལྡན་འདས་ཀྱིས་བར་དུ་ཆོས་མ་ཡིན་པ་ལ་བར་དུ་གཅོད་པའི་ཆོས་མ་རེད་ཅེས་པ་དེར་ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་ན་ལྟུང་བྱེད་ཡིན་གསུངས་འདུག དེ་ནས་སྔགས་ཀྱི་སྐབས་ལ་འདུལ་བ་དང་སྔགས་གང་གི་སྐབས་ཡིན་ནའང་བསྟན་པའི་རྩ་བ་སྐྱབས་འགྲོ་ཡིན་པས་དེ་རྣམ་དག་ཞིག་དགོས་ཀྱི་རེད། དེ་མེད་ན་ནང་པའི་གྲས་སུ་ཚུད་ཐབས་མེད། དེས་ན་འཇིག་རྟེན་དྲེགས་པར་སྐྱབས་སུ་སོང་ན་འགྲིག་གི་མེད་པར་སྐྱབས་འགྲོའི་བསླབ་བྱའི་སྡོམ་ཁྲིམས་ཐོག་ནས་ཡིན་ནའང་དེ་འདྲ་རེད། དེས་ན་དྲེགས་པའི་ནང་ནས་རྩོད་གཞི་ཅན་གྱི་དྲེགས་པར་བསྟེན་ཆོག་གི་མེད་པ་དེ་སྐྱབས་འགྲོའི་འགྲོ་སྟངས་དང་ནང་པ་སྤྱིའི་འགྲོ་སྟངས་ཐོག་ནས་གསལ་བ་དང་། བྱེ་བྲག་ཏུ་རང་རེའི་དགེ་ལྡན་པ་ཚོ་མཚོན་ན་འཇམ་མགོན་བླ་མ་ཚོང་ཁ་པ་ཆེན་པོའི་གསུང་འབུམ་ན་པའི་ནང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བཀའ་སློབ་རྗེ་བཙུན་རེད་མདའ་བ་ལ་ཕུལ་ཞེས་པ་ཐུན་མོང་མིན་པ་ཞིག་འདུག དེའི་ནང་རྗེ་རིན་པོ་ཆེར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལམ་གྱིས་འགྲོས་དང་མཐུན་པའི་ཡི་དམ་དང་སྲུང་མ། ཡི་དམ་གསང་བདེ་འཇིགས་གསུམ། དེ་དང་རྗེས་སུ་འབྲེལ་བའི་སྲུང་མ་ཡང་སྐྱེས་བུ་གསུམ་གྱི་སྲུང་མ་དམ་ཅན་ཆོས་རྒྱལ། མགོན་པོ། རྣམ་སྲས་དེ་གསུམ་མ་གཏོགས་གཞན་པ་གང་བྱུང་མ་བྱུང་བསྟེན་ན་འགྲིག་གི་མ་རེད་ཅེས་གསལ་ཞིང་དག་པ་གསུངས་བཞག་འདུག དེས་ན་ང་ཚོ་དགེ་ལུགས་པ་སྤྱིའི་འགྲོ་སྟངས་ཐོག་ནས་ཡིན་ནའང་དྲེགས་པ་རྩོད་གཞི་ཅན་དེ་རྟག་རྟག་ཡིན་པ་ཞིག་རེད་མི་འདུག དེར་མ་ཟད། བདག་ཉིད་ཆེ་དང་ཕ་དང་སྤུན་མཆེད་སོགས་ཞེས་སོགས་ཤུགས་ལྡན་བསྟོད་པའི་ནང་རྙིང་མའི་ཆོས་བྱེད་པ་དང་ཆོས་ལུགས་གཞན་བྱེད་པ་ཡིན་ན་ཚར་གཅོད་ཚུར་འདུས་བདག་ཉིད་ཆེན་པོ་དང་ཕ་དང་སྤུན་མཆེད་མང་པོ་ཞིག་ཚར་གཅོད་ཀྱི་རེད་ཟེར་བ་མང་པོ་དེ་བསྟོད་པའི་ཁུལ་ཡིན་ནའང་དེ་བསྟོད་པར་རྟག་རྟག་འགྲོ་ས་མ་རེད། ཆོས་བརྒྱུད་ཕན་ཚུ་མཐུན་ལམ་ལ་གནོད་པ་དང་། ལམ་ཐམས་ཅད་སྐྱེས་ཤིང་། ལམ་ཐམས་ཅད་ཤེས་པར་བྱ་ཞེས་བསྟན་བཅོས་མངོན་རྟོགས་རྒྱན་གྱི་གོ་རིམ་དང་ཡང་འགལ་འགྲོ་གི་འདུག དེས་ན་རི་བོ་དགེ་ལུགས་པའི་གདན་ས་ཆེན་ཁག་དང་རྒྱུད་གྲྭ་དག་ནས་རང་མོས་ཐོག་ནས་ཚུལ་ཤིང་བཞེས་ནས་རྩོད་གཞི་ཅན་དེ་སྐྱབས་འགྲོའི་བསླབ་བྱ་དང་མ་མཐུན་པ་དང་རི་བོ་དགེ་ལྡན་པའི་འཇམ་མགོན་བླ་མའི་སྐྱེས་བུ་གསུམ་གྱི་འགྲོས་དང་མཐུན་གྱི་མི་འདུག སྤྱིར་ནང་པའི་ཆོས་བརྒྱུད་ཆེན་པོའི་མཐུན་སྒྲིལ་ཐོག་ནས་ཡིན་ནའང་འགྲིག་གི་མི་འདུག་ཅེས་ཐག་གཅོད་གནང་བཞག་པ་ཞིག་རེད། དེ་འདྲའི་ཐག་གཅོད་གནང་ནས་རི་བོ་དགེ་ལྡན་པའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་ཡིག་ཆ་བཏོན་གནང་གྲུབ་འདུག དེའི་ནང་རི་བོ་དགེ་ལྡན་པ་ཞིག་ཡིན་ཕྱིན་ཆད་གཙང་མ་ཞིག་གནས་དགོས་ཀྱི་ཡོད། དེ་ལས་ལོགས་སུ་ཕྱིན་པ་ཡིན་ན་རི་བོ་དགེ་ལྡན་པའི་ཁོར་ཡུག་གི་རྭ་བ་ལས་འདས་པ་ཞིག་རེད་ཅེས་གཏན་འབེབས་གནང་འདུག གནས་ཚུལ་དེའི་ཕྱོགས་སྡོམ་ནས་ཞུས་ན་སྐྱག་རྫུན་སུ་རེད་འདུག་བདེན་པ་སུ་རེད་འདུག དེ་སྐྱབས་འགྲོའི་བསླབ་བྱ་དང་རི་བོ་དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་ཐོག་ནས་བཤད་ན་བདེན་པ་ཡོང་ཐབས་མི་འདུག

ཆོས་བརྒྱུད་ཆེན་པོ་བཞིའི་མཐུན་ལམ་གང་གི་ཐོག་ནས་བདེན་པ་ཡོང་རྒྱུ་གཏན་ནས་མེད། གནས་ཚུལ་དེ་དག་གི་ཐོག་ནས་སྐྱག་རྫུན་མ་ཤོད་ཟེར་བ་དེ་དེ་ག་ཙམ་དངུལ་དངོས་ཀྱིས་བཟོས་པ་དང་། འདོད་པ་བསྐང་ནས་ལག་འཕྱི་བྱས་པའི་དོན་དུ་བེད་སྤྱོད་གཏོང་བ་དང་། བོད་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གཏོར་བ། སྙིང་མེད་པ། བོད་ཀྱི་ཤ་ཁྲག་རུས་པ་མེད་པ། དེ་འདྲ་རེད། བློ་ཕམ་པའི་གནས་ཚུལ་ཞིག་རེད། ང་རང་ཚོའི་གདན་ས་ཁག་དང་རྒྱུད་གྲྭ་སྨད་སྟོད་བཅས་ཡོངས་སུ་རྫོགས་པས་དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་གཏན་ལ་ཕབ་པ་དེ་ཡང་སྐྱབས་མགོན་རིན་པོ་ཆེས་གསུངས་སོང་ཟེར་ནས་དེ་ཙམ་གྱིས་རྒྱུགས་འགྲོ་བ་མིན་པར་དགོས་པ་རྒྱུ་མཚན་དང་སྔོན་མའི་ལོ་རྒྱུས་ནང་གི་བྱུང་རིམ་དག་ལ་དཔྱད་པ་བྱས་ནས་དེའི་ཐོག་སྤང་བླང་ལེགས་ཉེས་ཚུལ་ལྡན་བྱས་དགོས་པ་གཏན་འབེབས་བྱས་ནས་ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་པ་ཞིག་གནང་པ་རེད། ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་པ་ཟེར་བ་དེ་གནད་འགག་ཆེན་པོ་ཞིག་རེད། དེས་ན་འདུལ་བའི་གཞུང་ནང་སྡིག་ལྟ་མི་གཏོང་བ་དང་། དགེ་ཚུལ་བསྙིལ་བ་སྡུད་པ་དེ་ཚོ་ཡང་ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་པ་ཞིག་གནང་དགོས་པ་དང་། དེ་བཞིན་ཞི་བར་བྱེད་པའི་ཆོས་བདུན་གྱི་སྐབས་ཚུལ་ཤིང་བཞེས་ནས་ཁ་ཁར་ཕྱེ་དགོས་ཟེར་བ་ཞིག་ཀྱང་འདུག དེ་ནས་རྒྱུད་པའི་མཁན་པོ་ཐེབས་ཆག་ཞིག་ཡིན་པའི་ཐོག་ནས་ལོ་ལྟར་རྒྱུད་འགྲེལ་ཆེན་པོ་འདོན་དགོས་ཀྱི་ཡོད་རེད། དེའི་ནང་གསང་འདུས་རྩ་རྒྱུད་ལེའུ་ལྔ་པའི་ནང་སེམས་ཅན་མཚམས་མེད་ལ་སོགས་པའི། སྡིག་པ་ཆེན་པོ་བྱས་ན་ཡང་།། རྡོ་རྗེ་ཐེག་པའི་རྒྱ་མཚོ་ཆེ་། །ཐེག་པ་མཆོག་ནི་འདི་ལ་འགྲུབ། སྙིང་ནས་སློབ་དཔོན་སྨོད་པ་ནི།།སྒྲུབ་ཀྱང་འགྲུབ་པར་ཡོངས་མི་འགྱུར།། བླ་མ་ལ་བརྙས་སྨོད་བྱེད་པ་དང་ཐག་རིང་དུ་བྱེད་དགོས་རེད་ཅེས་པ་དང་། དེ་ནི་དཔལ་ལྡན་ཟླ་བ་གྲགས་པས་དེ་ཙམ་དུ་མ་བཞག་པར་སྒྱུ་འཕྲུལ་དྲ་བའི་ལུང་དྲངས་ནས་དཔོན་སློབ་སྨད་པ་གང་ཡིན་དེ།། གེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང་།། ངན་པ་རྟུལ་པོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་ལུང་ཞིག་སྣོན་པ་བཏབ། དེར་འཇམ་མགོན་བླ་མ་ཙོང་པ་ཆེན་པོས་མཆན་བཏབ་ནས་བློས་སྤངས་པ་ནི་མ་ཡིན་གྱིས་དེ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་ཏུ་གཏན་ནས་སྤང་བའོ། །ཡིད་ཀྱི་བྱམས་བརྩེ་སྤང་བ་དེ་མ་རེད། དེ་ཡིན་ན་རྒྱལ་སྲས་ཀྱི་སྤྱོད་པ་དང་འགལ་འགྲོ་གི་རེད། དེ་ནས་ལུས་ངག་གི་ཆོས་དང་ཟང་ཟིང་ལོངས་སྤྱོད་ལྷན་ཅིག་ཏུ་རྩ་བ་ནས་བྱ་ཆོག་གི་མ་རེད།འཇམ་མགོན་བླ་ཙོང་ཁ་ཆེན་པོས་མཆན་བཏབ་གནང་བཞག་པ་རེད། དེ་དག་ནི་དམ་ཆོས་འདུལ་བ་དང་རྒྱུད་ཀྱི་དགོངས་པ་བཅས་མཐུན་པ་རེད། བྱེ་བྲག་ཏུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དགོངས་པ་དང་མཐུན་པ་ཞིག་རེད། ང་ཚོས་ཤར་བསྐྱོད་བྱས་པ་དེར་གཞན་གྱིས་བཙན་བཀའ་བཏང་བ་དང་བཀོད་པ་གཏང་བ་མ་ཡིན་པར་དགེ་འདུན་ནང་ཁྲིམས་དང་རང་དབང་ཐོག་བྱས་ཡོད་པ་ཚང་མས་མཁྱེན་དགོས་པ་རེད་བསམ་གྱི་འདུག

 

དྲི་བ།  རྭ་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག།དོལ་རྒྱལ་རྗེས་འབྲང་པ་ཚོས་རིས་སུ་མ་བྱས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་དགྲ་ལྟར་རྩིས་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་དང། ཆོས་རྒྱུད་བར་ལ་དྭངས་སྣང་ནོར་བུ་འོད་ཀྱིས་ཁྱབ་པར་མཛད་པ་འདི་ནི་དགེ་ལུགས་ཀྱི་བསྟན་པ་ལ་གསེ་སླད་བྱེད་པ་རེད་ཅེས་ལོག་འབྲེལ་བྱེད་ཀྱི་འདུག་ན་མཁན་རིན་པོ་ཆེ་མཆོག་ནས་འདིའི་ཐད་དགོངས་ཚུལ་གསུངས་རོགས་གནང་།

 རྭ་སྟོད་མཁན་པོ། ༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་བོད་ཀྱི་ནང་པའི་ཆོས་ལུགས་ཚང་མའི་དབུ་ཁྲིད་ཡིན་སྟབས་གཙོ་བོ་ཉམས་ལེན་བྱེད་མཁན་ཚོས་ཉམས་ལེན་བྱེད་དུས་བསྲེས་ལྷད་མེད་པའི་སྒོ་ནས་གསལ་པོ་དང་སྤུས་དག་པོ་གནང་དགོས་རེད་ཅེས་ཡང་ནས་ཡང་དུ་བཀའ་གནང་གི་འདུག དེར་མ་ཟད། ཡེ་ཤུ་དང་ཧིན་རྡུའི་ཆོས་པ་ཚོར་དེ་འདྲ་ཡང་ཡང་བཀའ་གནང་གི་འདུག   སོ་སོས་ཉམས་ལེན་བྱེད་དུས་བསྲེས་ལྷད་མེད་པ་དགོས་རེད། སྤུས་དག་པོ་དགོས་རེད། དེས་ན་ཁོ་ཚོས་སྐྱོན་བརྗོད་བྱས་པ་དེ་ཚོ་བདེན་པ་མ་རེད་སྐད་ཆ་སྟོང་པ་རེད་བསམ་གྱི་ཡོད། གཙོ་བོ་སོ་སོས་ཉམས་ལེན་བྱེད་དུས་བསྲེས་ལྷད་མེད་པར་སྤུས་དག་པོ་གཙང་མ་ཞིག་དགོས་རེད་བསམ་གྱི་ཡོད། དོལ་རྒྱལ་གྱི་སྐོར་ལ་དེ་ཙམ་ལས་གཞན་ཞེ་དྲག་ཞུ་རྒྱུ་མེད། ངས་དེ་ཙམ་མ་གཏོགས་གནས་ཚུལ་གསལ་པོ་ཤེས་ཀྱི་མེད། གཞན་དག་ཚོས་དེ་ལས་ཡག་པ་གསལ་པོ་གསུངས་གྲུབ་པ་རེད།

 

 

Share with your friends










Submit