ཟླ་བ་ ༢ ཚེས ༢༠ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་བྷེལ་ཇམ་གྱི་གྲོང་ཁྱེར་ཨེན་བཔ་ Antwerp ནང་བྷེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བོད་རིགས་རྣམས་མཉམ་འཛོམས་ཐོག་བསང་གསོལ་དང་གཞས་སྣ་འཁྲབ་སྟོན་གནང་ཡོད། ཨེན་བཔ་གྲོང་ཁྱེར་ནང་བོད་མི་གནས་སྡོད་བྱེད་མཁན་མང་ཤོས་ཤིག་ཆགས་ཡོད་ཅིང་། ཁུལ་དེར་བོད་རིགས་ཚོགས་པས་མཛད་སྒོ་གོ་སྒྲིག་ཞུ་སྲོལ་ཡོད་འདུག

དེ་ཡང་གསར་སྲུང་བརྩིའི་མཛད་སྒོ་འཚོགས་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ།   དེར་འདུས་བོད་མི་རྣམས་ལ་བོད་ཀྱི་ལོ་གསར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། མི་མང་རྣམས་ཀྱི་འདས་ཟིན་པའི་ལོར་ཕྱི་མིག་བལྟས་ནས་རང་ཉིད་ཀྱིས་ལེགས་ཉེས་བྱ་བ་གང་འདྲ་བྱེད་ཡོད་མེད་དཔྱད་པ་གནང་སྟེ། ལོ་གསར་པ་འདིའི་ནང་བྱ་བ་ངན་པ་རིགས་མི་བྱ་བའི་དམ་བཅའ་བཞག་དགོས་པ་གལ་ཆེན་པོ་ཡིན་པ་གསུང་གནང་འདུག སྐུ་ཚབ་དོན་གཅོད་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོས་རང་རང་གི་ཕྲུ་གུ་ཚོར་ཤེས་ཡོན་གོ་སྐབས་ཡོད་པ་གང་ལེགས་བེད་སྤྱོད་བྱ་དགོས་པ་སྐོར་དང་། དེ་བཞིན་ནུབ་ཕྱོགས་སུ་གནས་པའི་བོད་མི་ཚོར་རྒྱ་བལ་འབྲུག་ནང་གནས་པའི་བོད་མི་དང་མི་འདྲ་བར་བཅའ་ཁྲིམས་དགོངས་དོན་བཞིན་ས་གནས་ལ་གཞིགས་པའི་སྤྱི་འཐུས་བསྐོ་བཞག་གནང་རྒྱུའི་མང་གཙོའི་ཁེ་དབང་ཡོད་པས་དམིགས་བསལ་གྱི་ལས་འགན་འཕར་མ་ཞིག་ཡོད་པ་དང་། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་གནང་འདུག་པ་བཅས། །

Share with your friends










Submit