ཟླ་བ་ ༢ ཚེས ༡༤ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༢ ཚེས་ ༡༤ རེས་གཟའ་ལྷག་པ།

༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་བ་ ༢ ཚེས་ ༡༢ ཉིན་སྐུ་ཚབ་དོན་གཅོད་ཁང་དུ་འཇིགས་བྲལ་གློག་བརྙན་བཟོ་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཨ་རིར་བདེ་འབྱོར་གྱིས་ནང་མི་མཉམ་འཛོམས་ཐོག་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་གསོལ་སྟོན་ཞིག་གོ་སྒྲིག་གནང་ཡོད།

སྐབས་དེར་སྐུ་ཚབ་དོན་ཁང་གི་ལས་བྱེད་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི། དེ་བཞིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།  ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རི་བོད་སྐད་རླུང་འཕྲིན་ཁང་གི་འགན་འཛིན་བཅས་ཝ་ཤིང་ཊོན་ཌི་སི་ས་ཁུལ་གྱི་གཞུང་དང་། གཞུང་འབྲེལ་མིན་པའི་སྐུ་ཚབ་མཉམ་ཞུགས་གནང་ཡོད།

དེ་ཡང་གསོལ་སྟོན་མཛད་སྒོ་མ་ཚོགས་སྔོན་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་དོན་གྲུབ་དབང་ཆེན་ལགས་ལ་དཀར་གཙང་མཇལ་དར་ཞིག་ཕུལ་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་བཙོན་ཟུར་ཁོང་ལ་རོགས་རམ་གནང་དགོས་གང་མཆིས་འཛེམས་ཟོན་སྤང་སྟེ་གསུང་དགོས་ཚུལ་སོགས་བཀའ་མོལ་ཞིབ་ཕྲ་གནང་མཐར། དོན་གཅོད་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་འཁོད་པའི་ས་ཁྱི་ལོའི་ལོ་གསར་གྱི་གཤིས་ཤོག་དང་། ༸གོང་ས་མཆོག་གི་མཛད་པ་མཚོན་པའི་ ༢༠༡༨ ལོའི་ལོ་ཐོ་ཞིག་གནང་བ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་འཚམས་འདྲི་མཚོན་པ་གནང་ཡོད།

དེ་རྗེས་འཚམས་འདྲིའི་གསོལ་སྟོན་གྱི་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བའི་སྙིང་དོན་དུ། དོན་གྲུབ་དབང་ཆེན་ལགས་ཀྱིས་རང་ཉིད་ཡོངས་སུ་བློས་གཏོང་གནང་ནས་གཞིས་ལུས་བོད་མི་རྒྱ་ཆེའི་མང་ཚོགས་ཀྱིས་མངོན་འདོད་གསལ་པོར་མཚོན་པའི་གློག་བརྙན་འཇིགས་བྲལ། ཞེས་པ་བཟོ་སྐྲུན་གནང་བ་དེས་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་ཡོང་རྒྱུར་ཕན་རླབས་ཧ་ཅང་བྱུང་བ་དང་། གློག་བརྙན་དེའི་རྐྱེན་གྱིས་ཁོང་རྒྱ་ནག་གི་བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡང་། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས།  དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མིའི་སྒྲིག་འཛུགས་བཅས་ཀྱིས་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གི་བཙོན་ཁང་ནས་མགྱོགས་མྱུར་བཙོན་གྲོལ་ཐོབ་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་བ་སོགས་འབད་བརྩོན་གང་ཡོད་གནང་བར་བརྟེན་ད་ཆ་ཁོང་བཙོན་ཁང་ནས་གློས་བཀྲོལ་ཐོབ་སྟེ་ཨ་རིར་ནང་མི་མཉམ་འཛོམས་བྱུང་ཐུབ་པར་བརྟེན།  རང་ཅག་བོད་མི་ཙམ་ཟད། བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་སྐྱེ་བོ་ཀུན་དགའ་སྤོབས་སྐྱེ་འོས་པ་ཞིག་ཏུ་གྱུར་ཚུལ་གསུངས་པ་དང་སྦྲགས་དོན་གྲུབ་དབང་ཆེན་ལགས་ཀྱིས་གཙོས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ངལ་སྐྱོན་མཁན་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་རྒྱལ་སྤྱིའི་སྟེང་ཚད་མཐོའི་གདེང་འཇོག་ཐོབ་ཡོད་སྐོར་གསུངས།

དོན་གྲུབ་དབང་ཆེན་ལགས་ཀྱིས་སྐབས་དེར་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་དེ་རིང་གུས་པར་ཆེ་བསྟོད་ཀྱི་གསོལ་སྟོན་འདི་ལྟ་བུ་ཞིག་གྲ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  མི་རིང་བར་ཕྲན་ནས་ཨ་རིའི་གྲོས་ཚོགས་གྱི་རྒྱ་ནག་ལས་དོན་ཚན་པའི་Congressional Executive Commission on China ནང་བོད་དོན་ཉན་ཞིབ་སྐབས་རང་གི་མྱོང་ཚོར་རྣམས་ཞིབ་ཕྲ་གསལ་བཤད་བྱ་རྒྱུ་དང་།  དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་སོགས་ཀྱི་སྐབས། ངས་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་རང་ཉིད་རྒྱ་ནག་གི་བཙོན་ཁང་དུ་སྡོད་སྐབས་ཀྱི་མྱོང་ཚོར་ཇི་བྱུང་འཁྱོག་བཤད་སྤངས་ཏེ་དངོས་ཡོད་གནས་ཚུལ་གང་ཡིན་པ་རྣམས་ཞིབ་ཕྲ་འགྲེལ་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས།

དོན་གྲུབ་དབང་ཆེན་ལགས་ནི་ ༢༠༡༧ ཟླ་བ་ ༡༢ ཚེས་ ༢༥ ཉིན་སུད་སི་བརྒྱུད་ཨ་རིའི་ནུབ་བརྒྱུད་ས་ཁུལ་སན་ཕ་རན་སི་སི་ཁོར་ San Francisco ཕེབས་འབྱོར་བྱུང་བ་ཞིང་། ཕྱི་ལོ་ ༢༠༡༨ ཟླ་བ་ ༢ ཚེས་ ༩ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བོད་དོན་དྲིལ་བསྒྲགས་ཆེད་ཕེབས་པ་ཞིག་ཡིན་འདུག།

 

Share with your friends










Submit