ཟླ་བ་ ༢ ཚེས ༩ ༢༠༡༨
Published By Bhara Yeshi

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༩ རེས་གཟའ་པ་སངས།

༄༅། ། ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལ་ཏི་ཝི་ཡའི་ Latvia གྲོས་ཚོགས་འཐུས་མི་ཉི་ཤུ་ཐམ་པས་མཚན་རྟགས་བཀོད་དེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་རང་འགུལ་ཐོག་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་བཤེར་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་འདུག

དེ་ཡང་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༤ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཆུ་ཚོད་བཞིའི་རིང་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱས་ཀྱང་ཁྲིམས་ཐག་བཅད་མེད་པར་བརྟེན། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་བྱེད་དགོས་པ་མ་ཟད། ཁྲིམས་བཤེར་སྐབས་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ། དེ་བཞིན་ཟུར་ཉན་པ་སོགས་ཡོད་པའི་ཐོག་ཁྲིམས་བཤེར་བྱ་དགོས་པའི་འབོད་སྐུལ་གནང་འདུག

བསྒྲགས་གཏམ་འདི་མ་སྤེལ་བའི་བདུན་ཕྲག་གཉིས་ཀྱི་གོང་སྟེ་ཕྱི་ཟླ་ ༡ འགོ་སྟོད་ནང་ལ་ཏི་ཝི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨིན་ན་ར་ Inara Murniece ལགས་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། ཕིན་ལན་ཌེ་ Finland ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་བརྗོད་པ་ལྟར་ན། ཕྱི་ཟླ་༡ ཚེས་ ༡༠ ཉིན་ཕིན་ལན་ཌེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ལ་ཏི་ཝི་ཡའི་ Latvia གྲོས་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་ Nordic and Baltic རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་བདུན་བཅས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུགས་འཕྲད་གནང་སྟེ། རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་གྱི་སྐོར་གླེང་སློང་བྱུང་ཡོད་པ་བཤད་འདུག

ལ་ཏི་ཝི་ཡའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི། འཇར་མན་གྲོས་ཚོགས་ཀྱི་འཐུས་མི། ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་བཅས་ནས་རྒྱ་ནག་གཞུང་ལ་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱ་དགོས་པའམ་ཡང་ན་མགྱོགས་མྱུར་ངང་གློད་གྲོལ་གཏོང་དགོས་རེད། ཅེས་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༤ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཆུ་ཚོད་བཞིའི་རིང་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱས་སྐབས་ཨ་རི་གཞུང་གི་སྐུ་ཚབ་དང་། ཨིན་གཞུང་སྐུ་ཚབ། ཁ་ན་ཌའི་སྐུ་ཚབ། རྒྱ་ནག་ནང་རྟེན་གཞི་བྱས་པའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་སོགས་ཡུལ་ཤུལ་ས་ཁུལ་ལ་ཟུར་ཉན་ཆེད་ཕེབས་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྐུ་ཚབ་དེ་དག་ཁྲིམས་ཁང་ནང་ཕེབས་བཅུག་མེད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་  ༤ ཉིན་ཆུ་ཚོད་བཞིའི་རིང་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱས་ཀྱང་ཁྲིམས་ཐག་བཅད་མེད། །

Share with your friends










Submit