ཟླ་བ་ ༢ ཚེས ༡༤ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༢ ཚེས་ ༡༤ རེས་གཟའ་ལྷག་པ།

༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  དེ་རིང་ཚེས་ ༡༣ ཉིན་རྒྱབ་ཆུ་ཚོད་ ༤ ཐོག་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ James McGovern མཆོག་ནས་ཁོང་གི་ལས་ཁུངས་སུ་དོན་གྲུབ་དབང་ཆེན་ལགས་དང་མཇལ་འཕྲད་གནང་ཞིང་།  མགྲོན་འབོད་ལྟར་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མ་ཐེའོ་མ་ཁཱ་སི། Matteo Mecacci འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། དོན་གྲུབ་དབང་ཆེན་ལགས་ཀྱི་ཕྱག་རོགས་སུད་སིར་བཞུགས་མཁན་འཇམ་དབྱངས་ཚུལ་ཁྲིམས་ལགས། ལོན་ཌོན་དུ་བཞུགས་མཁན་བདེ་ཆེན་སྤེན་པ་ལགས་བཅས་མཉམ་ཞུགས་གནང་ཡོད།

གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས་ཐོག་མར་དོན་གྲུབ་དབང་ཆེན་ལགས་བདེ་ཐང་ངང་ཨ་རིར་ཕེབས་ཐུབ་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་པ་དང་འབྲེལ་གསུང་དོན། བོད་དང་བོད་མིར་རྒྱབ་སྐྱོར་ཞུ་རྒྱུ་ནི་ངའི་དམ་བཅའ་ཡིན། ཁོང་དང་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྔ་ལོ་རྒྱ་ནག་དང་། བོད་དུ་ཕེབས་སྐབས་ཐུག་འཕྲད་བྱུང་བའི་རྒྱ་དཔོན་རྣམས་ལ་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ག་དུས་ཡིན་རུང་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཡོད་པ་དང་། བོད་མི་མང་གི་བདེ་སྡུག་ལས་དབང་ལ་སེམས་འཁུར་དང་བོད་མི་མང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་ནན་བརྗོད་གནང་བའི་སྐོར་དང་། ད་དུང་ཡང་ག་རེ་བྱེད་ཐུབ་ཡག་ཡོད་མེད་གསུང་རོགས་གནང་ཞེས་བོད་དང་བོད་མིར་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེ་དང་། རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེན་བསྟན་པ་གནང་།

སྐུ་ཚབ་དོན་གཅོད་ནས་གོ་སྐབས་འདི་བརྒྱུད་རིང་མིན་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བསྐོང་ཚོགས་གནང་གི་ཡོད་པ་དེ་སྐབས་སྐུ་ཞབས་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་ཚོགས་འདུར་ཕེབས་གནང་ཡོང་བའི་གདན་ཞུ་གནང་ཞིང་། གལ་སྲིད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས་འཁེལ་ནས་ཕེབས་མ་ཐུབ་པ་བྱུང་ཚེ། བརྙན་འཕྲིན་གྱི་གསུང་འཕྲིན་གནང་སྐྱོང་བའི་རེ་སྐུལ་ཡང་གནང་ཡོད།

དོན་གྲུབ་དབང་ཆེན་ལགས་ནས་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས་དབུས་ཨ་རིའི་གྲོས་ཚོགས་ཀྱིས་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་དང་། ལྷག་པར་དུ་སྐུ་ཞབས་ཇིམ་མེག་གྷོ་ཝན་སྐུ་ཉིད་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་པ་ང་སོགས་བོད་མི་མང་གིས་གསལ་པོ་ཤེས་ཀྱི་ཡོད། ང་རང་རང་དབང་ལུང་པར་སླེབས་ཐུབ་ཡོད་ཀྱང་། ད་དུང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང་། གཞིས་ལུས་མི་མང་གི་བདེ་སྡུག་སླད་སྔར་ལས་ཤུགས་ཆེ་བའི་རྒྱབ་སྐྱོར་གནང་རོགས་གནང་། དེ་ནི་གཞིས་ལུས་མང་ཚོགས་ཀྱི་རེ་བ་ཡིན་ཅེས་གསུང་།

སང་ཉིན་ཚེས་ ༡༤ ཉིན་དོན་གྲུབ་དབང་ཆེན་ལགས་གྲོས་ཚོགས་སུ་ཉན་ཞིབ་དང་། དེ་རྗེས་ལྕམ་ Nancy Pelosi མཆོག་ནས་དོན་གྲུབ་དབང་ཆེན་ལགས་ལ་གྲོས་ཚོགས་སུ་སྣེ་ལེན་གནང་གི་ཡོད་པ་དེ་སྐབས་སུ་སྐུ་ཚབ་དོན་གཅོད་མགྲོན་འབོད་ལྟར་ཕེབས་གཏན་འཁེལ་ཡོད།

དོབ་གྲུབ་དབང་ཆེན་ལགས་ནས་བོད་ནང་གི་གནས་སྟངས་དངོས་མཚོན་པའི་གློག་བརྙན་འཇིགས་བྲལ་བཟོ་སྐྲུན་གནང་བའི་རྐྱེན་གྱིས་རྒྱ་ནག་གི་བཙོན་དུ་ཚུད་ནས་རང་གི་ལུས་ཐོག་ཏུ་དཀའ་སྡུག་དངོས་སུ་མྱངས་བ་རྣམས་བཙན་བྱོལ་བོད་མི་རྣམས་ཀྱིས་ཤེས་རྟོགས་ཐུབ་པའི་ཆེད་ནིའུ་ཡོག་དང་། མི་ནི་སུ་ཊར་སོགས་བྱང་ཨ་རིའི་བོད་རིགས་འདུས་སྡོད་མང་བའི་ས་ཁུལ་ལ་རིམ་བཞིན་གནས་སྟངས་ངོ་སྤྲོད་གནང་བར་ཕེབས་ཐུབ་རྒྱུར་ཁོང་དང་གསུང་མོལ་བྱུང་བ་ལྟར་སྐུ་དོན་གཅོད་ཁང་ནས་ལས་རིམ་ནང་སྒྲིག་བཞིན་ཡོད་པ་བཅས།།

Share with your friends










Submit