ཟླ་བ་ ༢ ཚེས ༡༥ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༢ ཚེས་ ༡༦ རེས་གཟའ་པ་སངས།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༦ ཉིན་བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་དགའ་སྟོན་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པ། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤྲུན་ཟླ་རྣམ་པ། རྒྱ་གར་གཞུང་མང་གཉིས་དང་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་དྲང་བདེན་ལ་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་མཁན་བོད་ཀྱི་གྲོགས་པོ་བཅས་ལ་བཀའ་ཤག་དང་། སྲིད་སྐྱོང་སྒེར་གྱི་ངོས་ནས་བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་དགའ་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།

འདི་ལོར་ཕྱི་ལོ ༢༠༠༨ ནང་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་དང། རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་འགྲོ་གི་ཡོད།  འོན་ཀྱང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་དང་། བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་པ་ལ་བརྟེན་ནས་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཐུབ་ཡོད།  དེ་ལྟར་ང་ཚོས་མུ་མཐུད་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་སྔར་ལས་ལྷག་པའི་སེམས་ཤུགས་སྐྱེས་ནས་མདུན་སྐྱོད་བྱེད་དགོས། དེ་བཞིན་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་རྒྱ་ཆེན་པོ་གསོག་དགོས་རྒྱུ་གལ་ཆེན་ཡིན་པ་ལྷ་དང་བླ་མའི་ལུང་བསྟན་རིམ་པ་ཕེབས་ཡོད་པ་ལྟར་ཚང་མས་ཚོགས་གསོག་སྒྲིབ་སྦྱོང་གི་ལས་ལ་འབད་འབུངས་དགོས་པ་ཡིན། ལྷག་པར་དུ་བོད་མིའི་ངོ་བོ་མཚོན་པའི་ཡ་རབས་བཟང་སྤྱོད་དང་། རྩ་ཆེའི་ཆོས་དང་རིག་གཞུང་། གོམས་སྲོལ་བཟང་པོ་དེ་ཚོ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་ཡང་བོད་མིའི་འཐབ་རྩོད་རྒྱུན་སྐྱོང་ཆེད་དུ་ཧ་ཅང་གལ་ཆེན་པོ་རེད།

བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ། ༢༠༡༩ དེ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་དྲུག་བཅུ་འཁོར་བཞིན་པར་དུས་ཡུན་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱི་བཀྲིན་རྗེས་དྲན་ཆེད་དུ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་གནང་གི་ཡོད་སྟབས་ཚང་མས་མཉམ་ཞུགས་བྱེད་དགོས་པ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཡོད། ཚང་མར་ལོ་གསར་པའི་ནང་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་ལམ་ཡོད། བཀྲ་ཤིས་བདེ་ལེགས།།

Share with your friends










Submit