ཟླ་བ་ ༢ ཚེས ༧ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༧ རེས་གཟའ་ལྷག་པ།

༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན།  ཐེ་ཝན་རྒྱལ་ས་ཐེ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐེངས་ ༢༦ དེ་བཞིན་ཕྱི་ཟླ་ ༢ ཚེས་ ༦ ནས་ ༡༡ བར་ཐེ་པེ་འཛམ་གླིང་ཚོང་འབྲེལ་ཁང་ཆེན་གྱི་ཚོམས་ཆེན་དང་པོ་དང་གསུམ་པའི་ནང་གོ་སྒྲིག་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོར་ཐེ་ཝན་སྲིད་འཛིན་དང་སྲིད་བློན་སོགས་ཕེབས་ཞུགས་གནང་ཡོད། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་སྟངས་འཛིན་གནང་བའི་གངས་ལྗོངས་དཔེ་སྐྲུན་ཁང་ཡང་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་དོན་དཔེ་དེབ་གསར་པ་གངས་ལྗོངས་དེབ་ཕྲེང་ ༢༩ དང་ ༣༠ དཔེ་དེབ་གྲངས་གཉིས་དབུ་འབྱེད་དང་། གངས་ལྗོངས་དེབ་ཕྲེང་གཞན་ཁག་སྒྲིག་བཤོམས་གནང་ཡོད།

ཕྱི་ཚེས་ ༧ ཉིན་རྒྱབ་ཆུ་ཚོད་ ༡ ཐོག་གངས་ལྗོངས་དཔེ་སྐྲུན་ཁང་ནས་གསར་དུ་དཔར་སྐྲུན་གནང་བའི་གངས་ལྗོངས་དེབ་ཕྲེང་ ༢༩ སྟེ་ཆུ་བེད་ཆེད་ལས་མཁས་པ་རྒྱ་རིགས་སྐུ་ཞབས་ཝང་ཝེ་ལོ་ལགས་ཀྱིས་དུས་ཡུན་རིང་པོའི་རིང་ཞིབ་འཇུག་གིས་རྩོམ་བྲིས་གནང་བའི་བོད་ཀྱི་ཁོར་ཡུག་དང་ཆུ་བོར་རྒྱ་གཞུང་གིས་གནོད་སྐྱོན་བཏང་བའི་རྩོམ་ཡིག་གྲངས་ ༤༨ ཕྱོགས་སྒྲིག་གི་དེབ་ཨེ་ཤི་ཡའི་ཆུ་མཛོད་-བོད་མཐོ་སྒང་གི་ཁོར་ཡུག་འཇིག་ཉེན་ཞེས་པ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། ཏུང་ཝུ་གཙུག་ལག་སློབ་ཆེན་དགེ་རྒན་ཆེན་མོ་སྐུ་ཞབས་ཧོང་མོའོ་ལགས་ནས་དབུ་འབྱེད་དང་ངོ་སྤྲོད་གནང་།

གངས་ལྗོངས་དེབ་ཕྲེང་ ༣༠ བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བོད་མི་དང་། ཤར་ཏུ་ཀི་སི་ཐན། རྒྱ་རིགས་སོགས་ལ་བཅར་འདྲི་གནང་བའི་དཔེ་དེབ་མནར་མེད་ཀྱི་འཁུན་སྒྲ་ཞེས་པ་གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་ལྕམ་ལཱེ་ཡཱུ་ཉིང་ལགས་ཀྱིས་དབུ་འབྱེད་བཅས་གྲུབ་རྗེས། ཀུན་གསལ་འོད་སྣང་དུས་དེབ་རྩོམ་སྒྲིག་པ་ལྕམ་ལུའུ་ཧུད་ཅོན་ལགས་ཀྱིས་བརྙན་པར་བརྒྱུད་གངས་ལྗོངས་དཔེ་སྐྲུན་ཁང་གིས་ཧོང་ཀོང་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་མཉམ་ཞུགས་དང་། དེ་བཞིན་ཐེ་ཝན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་མིར་རྒྱབ་སྐྱོར། ཕྱི་རྒྱལ་མི་རིགས་ཀྱིས་བཙན་བྱོལ་བོད་མིར་རྒྱབ་སྐྱོར་མཚོན་པའི་ལག་དེབ་སྔོན་པོ་ངོ་སྤྲོད་སོགས་གནང་།

ལས་རིམ་གཉིས་པ་ཉིན་རྒྱབ་ཆུ་ཚོད་ ༢།༢༠ ནས་དུས་ཡུན་སྐར་མ་ ༣༠ རིང་། རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གྱི་ལས་རིམ་སྤྱི་ཚོགས་དྲྭ་རྒྱའི་ཐད་གཏོང་བརྙན་འཕྲིན་ཐོག་བརྗོད་གཞི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། ལྕམ་ལུའུ་ཧུད་ཅོན་ལགས་ཕན་ཚུན་བགྲོ་གླེང་གི་ལམ་ནས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་རྗེས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་དང་། དབུ་མའི་ལམ་བརྒྱུད་བོད་ཀྱི་བདེན་མཐའ་གསལ་ཐབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ངོ་སྤྲོད་གནང་།

གཞན་ཡང་ཕྱི་ཚེས་ ༩ ཉིན་རྒྱབ་ལ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གྱི་བརྙན་འཕྲིན་དྲྭ་རྒྱའི་ཐད་གཏོང་ལས་རིམ་ནང་དུས་ཡུན་སྐར་མ་ ༧༠ རིང་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སོགས་ངོ་སྤྲོད་གནང་རྒྱུ་ཡིན་པ་རེད།

ཐེངས་འདིའི་ཐེ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་རྒྱལ་ཁབ་གྲངས་ ༦༠ དང་། དཔེ་སྐྲུན་ཁང་གྲངས་ ༦༨༤ བཅས་མཉམ་ཞུགས་གནང་ཡོད། ཐེ་ཝན་རིག་གཞུང་ལྷན་ཁང་ནས་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་ཉི་ཤུ་ལྷག་ལ་རྒྱལ་སྤྱི་དང་། ཐེ་ཝན་གྱི་ཆེད་ལས་དཔེ་སྐྲུན་ཁང་གཞན་དང་འདྲ་མཉམ་ཐོག་སྡིངས་ཆ་གཅིག་ཐོག་མཉམ་ཞུགས་ཐུབ་རྒྱུར་རིན་མེད་ཐོག་ཐེ་པེ་འཛམ་གླིང་ཚོང་འབྲེལ་ཁང་ཆེན་གྱི་ཚོམས་ཆེན་དང་པོ་ནང་ནས་འགྲེམས་སྟོན་དང་གསར་འགོད་ལྷན་ཚོགས་བསྐོང་སའི་ས་ཆ་ཟུར་དུ་གླས་ཏེ་མཁོ་སྤྲོད་གནང་ཡོད་པ་བཅས།།

Share with your friends










Submit