Published By ngawang thokmey

༢༠༡༨ ཟླ་ ༢ ཚེས་ ༥ རེས་གཟའ་ཟླ་བ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཨནྡྲ་པྲ་དེ་ཤི་རྒྱལ་ས་ཨམྲཱ་ཝ་ཏིའི་ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་བརྙན་འཕྲིན་བརྒྱུད་འཚམས་འདྲི་མཛད་འདུག

དེ་ཡང་ཕྱི་ཚེས་ ༣ ཉིན་ནས་དབུ་འཛུགས་གནང་བའི་ཚོགས་ཆེན་དེ་ནི་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཚོགས་ཆེན་ཐོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གདན་ས་ཆེ་ཁག་ནས་དགེ་འདུན་པས་གཙོས་འཛམ་གླིང་ས་ཕྱོགས་འདྲ་མིན་གྱི་ནང་པའི་འདུལ་བ་འཛིན་པ་ཁག་གཅིག་མཉམ་ཞུགས་གནང་འདུག 

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༧རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བརྙན་འཕྲིན་བརྒྱུད་ལྷན་ཚོགས་སུ་འཚམས་འདྲི་མཛད་དོན། དང་ཐོག་དེར་ཁྱེད་ཚོས་ནང་པ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་ལྷན་ཚོགས་གོ་སྒྲིག་གནང་བ་དང་བསྟུན་འདས་པའི་ལོ་རྒྱུས་ནང་ས་གནས་དེའི་གལ་གནད་རྗེས་དྲན་ཞུ་བཞིན་པ་མ་ཟད། ལྷག་པར་ཨམྲཱ་ཝ་ཏི་ས་གནས་ལ་མཚོན་ན་ངོས་རང་དེ་སྔ་སླེབས་མྱོང་ཡོད། ལེགས་སྦྱར་གྱི་ནང་པའི་གཞུང་ཁག་གཅིག་ནང་གསལ་ལྟར་ན། ཤྲི་དྷ་ནྱ་ཀ་ཊ་ཀ་ཞེས་པའི་གནས་དེར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པར་བརྟེན་ང་ཚོས་གནས་ཧ་ཅང་རྩ་ཆེར་རྩི་བཞིན་ཡོད།

ངོས་ཀྱི་བསམ་པར་གཞི་རྩའི་ཤྲི་དྷ་ནྱ་ཀ་ཊ་ཀའི་མཆོད་རྟེན་ངོ་མ་དེ་ཨམྲཱ་ཝ་ཏིའི་ས་ཁུལ་དུ་ཡོད་ཀྱང་ཕྱིས་སུ་ཨིན་ཌོ་ནེ་ཤིའི་ Indonesia གྲོང་ཁྱེར་ཇ་ཝའི་ Java ནང་བྷུ་རུ་བྷུ་དོར་ Borobudur  ཞེས་པ་དེར་མཆོད་རྟེན་ཆེན་པོ་ཞིག་བརྒྱབ་པ་དེ་གནའ་སྔ་མོའི་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཤྲི་དྷ་ནྱ་ཀ་ཊ་ཀའི་མཆོད་རྟེན་ལས་དཔེར་བླངས་བ་ཞིག་ཕལ་ཆེར་རེད་འདུག གང་ལྟར་གནས་དེ་ཧ་ཅང་རྩ་ཆེན་པོ་རེད། ངོས་ཀྱིས་གནས་དེར་ཆོས་འབྲེལ་ཐེངས་གཅིག་བྱེད་སྐབས་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་གསར་བཞེངས་གནང་འདུག་པ་དྲན་བཞིན་འདུག 

དེར་བརྟེན་ཆོས་འབྲེལ་སྐབས་ངོས་ཀྱིས་གནས་དེར་ལེགས་སྦྱར་གཞུང་ནས་གསུང་པའི་ནང་པའི་གཞུང་ལུགས་ཁག་ལ་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་སྦྱོང་བྱེད་སའི་བསྟི་གནས་ཁང་ལྟ་བུ་ཞིག་བཟོ་ཐུབ་ན་ཞེས་བསམ་ཚུལ་ཞུ་རྒྱུ་བྱུང་།  དེ་ནས་རིམ་བཞིན་པཱ་ལིའི་གཞུང་ལའང་སློབ་སྦྱོང་བྱེད་ས་ཞིག་རང་བཞིན་གྱིས་ཡོང་ཐུབ་རྒྱུ་རེད།

འོན་ཀྱང་གཙོ་བོ་ལེགས་སྦྱར་གྱི་གཞུང་དེ་དག་ཆགས་ཡོད། གང་ཡིན་བརྗོད་ན་པཱ་ལིའི་གཞུང་དེ་དག་འབར་མ་ Burma དང་ཐའི་ལེནྜི། Thailand ཤྲི་ལངྐཱ། Shri Lanka ཁེམ་བྷོ་ཌི་ཡ། Cambodia ལའོ་སི་ Laos བཅས་ནང་པཱ་ལའི་གཞུང་ནས་གསུང་པའི་འདུལ་བའི་ཉམས་བཞེས་ཡག་ཐག་ཆོད་རྒྱུན་འཛིན་གནང་མུས་ཡིན། འོན་ཀྱང་ལེགས་སྦྱར་ཆོས་བརྒྱུད་ལ་མཚོན་ན། ལོ་རྒྱུས་ཐོག་ནས་རྒྱ་ནག་ནང་པའི་རྒྱལ་ཁབ་ཅིག་ཡིན་ཡང་ད་ཆ་ནང་པའི་གཞུང་ལ་ཐོས་བསམ་སློབ་གཉེར་ཚད་ལྡན་བྱ་རྒྱུའི་རང་དབང་མེད། སྤྱིར་ད་ལྟའི་ཆར་འགྱུར་བ་ཕྲན་བུ་འགྲོ་བཞིན་ཡོད།

བོད་དང་སོག་པོ་གཉིས་ལ་མཚོན་ན་ལེགས་སྦྱར་གཞུང་ཉམས་བཞེས་གནང་མཁན་ཆགས་ཡོད། འོན་ཀྱང་རང་དབང་མེད་སྟབས་གནས་སྟངས་ཁག་པོ་ཞིག་གི་སྒང་གནས་ཡོད། དེར་བརྟེན་རྒྱ་གར་ལ་ལེགས་སྦྱར་སྐད་ནང་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་བཟང་སྤྱོད་ཀྱི་འགན་ཞིག་ཡོད། ཨམྲཱ་ཝ་ཏི་གནས་འདི་ཧ་ཅང་གལ་ཆེན་ཞིག་པོ་ཡིན་པ་མ་ཟད། ཉེ་འགྲམ་ཀླུ་སྒྲུབ་ཀྱི་བཞུགས་གནས་དཔལ་གྱི་རིའང་ཡོད། 

དེ་སྔ་ཕྱི་ལོ་ ༡༩༥༦ ལོར་ངོས་རང་གནས་དེར་ཐེངས་གཅིག་སླེབས་པ་རེད། སྐབས་དེར་ཀླུ་སྒྲུབ་ཀྱི་བཞུགས་གནས་ངོ་མ་མཇལ་རྒྱུ་འདུག  འོན་ཀྱང་ཕྱི་ལོ་ ༡༩༥༩ རྗེས་ལ་གནས་དེ་དག་ཡོངས་རྫོགས་ཆུས་ཁེངས་ནས་ད་ལྟ་ཆུའི་འོག་ཏུ་བཞུགས་ཡོད། ཕྱི་ལོ་ ༡༩༥༦ ལོར་ངོས་རང་གནས་དེར་ཐེངས་གཅིག་མཇལ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། ཀླུ་སྒྲུབ་ཀྱི་བཞུགས་གནས་ངོ་མ་རེད་ཟེར་བའི་བཞུགས་ཁང་དེའི་ནང་ང་ཚོས་ཀླུ་སྒྲུབ་ཀྱིས་བརྩམས་པའི་གཞུང་ཞིག་ཀྱང་སྐབས་དེར་བཏོན་པ་ཡིན།  ཕྱིས་སུ་གནས་དེར་སླར་ཡང་འགྲོ་སྐབས་གནས་ངོ་མ་ནས་གདན་འདྲེན་ཞུས་པའི་རྟེན་གཙོ་ཁག་གཅིག་ས་གནས་གཞན་ཞིག་ཏུ་སྤོས་འདུག དེར་ང་ཚོས་ཀླུ་སྒྲུབ་ཀྱི་གཞུང་ཞིག་བཏོན་པ་ཡིན།  སྐབས་རེ་ང་ཚོས་ཀླུ་སྒྲུབ་ལ་སངས་རྒྱས་གཉིས་པ་ཞེས་འབོད་བཞིན་ཡོད།  ཁོང་གིས་ལེགས་སྦྱར་ཐོག་བརྩམས་པའི་གཞུང་དེ་དག་ལེགས་སྦྱར་སྐད་ཡིག་རང་གི་ཐོག་ནས་བལྟ་སྐབས་ལེགས་སྦྱར་རྩེ་ཕུད་ཆགས་འདུག

ལེགས་སྦྱར་མཁས་པ་མང་པོ་ཞིག་གིས་ཀླུ་སྒྲུབ་ཀྱི་ལེགས་སྦྱར་སྐད་ཐོག་བརྩམས་པའི་ནང་པའི་གཞུང་ལུགས་དེ་དག་ལེགས་སྦྱར་གྱི་སྐད་ཡིག་ཧ་ཅང་ཚད་མཐོན་པོར་སོན་ཡོད་པ་བརྗོད་ཀྱི་འདུག དེར་བརྟེན་ལེགས་སྦྱར་སྐད་ནང་བཞུགས་པའི་རྒྱ་གར་གནའ་རབས་ཀྱི་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་གཅེས་འཛིན་བྱ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འདི་འདྲ་ཞིག་ཞུ་འདོད་བྱུང་། 

དགོས་གལ་བྱུང་ཚེ་བོད་པའི་མཁས་དབང་དེ་འདྲ་སྐད་ཀྱི་ཐོག་ནས་ཕྲན་བུ་དཀའ་ངལ་འཕྲད་སྲིད་པ་མ་གཏོགས་ཤེས་ཡོན་གྱི་ཐོག་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་ ༢༧ ཆ་ཚང་བློ་འཛིན་ཡོད་མཁན་དེ་འདྲ་ཡོད། ཁོང་ཚོས་ཀླུ་སྒྲུབ་ཀྱི་གཞུང་ལ་དངོས་གནས་སློབ་གཉེར་ཧ་ཅང་ཡག་པོ་གནང་ཡོད། དེར་བརྟེན་ང་ཚོས་དགེ་རྒན་གནས་ཚད་ལྡན་པ་དེ་འདྲ་གཏོང་དགོས་ན་གྲ་སྒྲིག་ཡོད།  སྐབས་རེ་བདུན་ཕྲག་འགའ་ཤས་ཟབ་སྦྱོང་ལྟ་བུ་དེ་འདྲའང་གོ་སྒྲིག་གནང་ཐུབ་ན་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཡོང་ངེས་རེད། གནས་ས་ཡིན་ཟེར་ནས་སྐུ་བརྙན་དེ་འདྲ་འགའ་ཞིག་ཡོད་པ་ཙམ་གྱིས་མི་ཆོག་པར་སྟོན་པའི་གསུང་ངོ་མར་སློབ་གཉེར་བྱེད་ས་ཞིག་ཆགས་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ངོས་ཀྱི་ཉམས་མྱོང་ཐོག་ནས་བརྗོད་ན་ཚན་རིག་པ་དང་དཔུང་པ་མཉམ་གཤིབས་ཐོག་ནས་འགྲོ་ཐུབ་མཁན་གྱི་ཆོས་ནི་ནང་པའི་ཆོས་འདི་རེད་འདུག  ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ Quantum physics དང་སེམས་ཁམས་རིག་པའི་རྣམ་གཞག་ Psychology དེ་དག་དེང་དུས་ཚན་རིག་འགྲོ་སྟངས་དང་ཧ་ཅང་མཐུན་པོ་ཡོད་པར་བརྟེན་ཚན་རིག་པ་མང་པོ་ཞིག་ངོ་མཚར་སྐྱེ་བཞིན་འདུག  ལེགས་སྦྱར་སྐད་ནང་བཞུགས་པའི་སངས་རྒྱས་པའི་གཞུང་ལུགས་དེ་དག་ནང་བློའི་འགྲོ་སྟངས་དང་བྱེད་ལས། ཉོན་མོངས་པའི་བློར་གཉེན་པོ་བསྟེན་ཕྱོགས། དེའང་དད་པ་ཙམ་གྱིས་རྗེས་སུ་མ་འབྲང་བར་རིགས་པས་དཔྱད་པ་བྱས་ནས་དཔྱད་སྒོམ་ཐོག་ནས་འགྲོ་བཞིན་ཡོད།  སྤྱིར་རིག་པའི་རྣམ་གཞག་དེ་དག་གཞི་རྩའི་ནང་པའི་གཞུང་ལུགས་ནས་མཆེད་པ་ཞིག་ཡིན་ཡང་ང་ཚོས་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་ལྟ་དགོས། 

ངོས་ཀྱིས་དེང་སྐབས་ང་ཚོས་ལུས་པོའི་འཕྲོད་བསྟེན་ཧ་ཅང་གལ་ཆེར་བརྩི་བཞིན་པ་ལྟར་བསམ་བློའི་འཕྲོད་བསྟེན་དེར་ཡང་ཧ་ཅང་གལ་ཆེར་བརྩི་དགོས་ཞེས་བརྗོད་ཀྱི་ཡོད། དེར་བརྟེན་ཤེས་ཡོན་དང་བསམ་བློའི་འཕྲོད་བསྟེན་གྱི་འདུ་ཤེས་འཛིན་ནས་ལེགས་སྦྱར་སྐད་ནང་ཡོད་པའི་ནང་པའི་གཞུང་ལུགས་དེ་དག་ལ་སློབ་སྦྱོང་བྱེད་དགོས། ངོས་ཀྱིས་རྒྱ་གར་གནའ་རབས་ལེགས་བཤད་དེ་དག་དེང་དུས་སྤྱི་ཚོགས་ནང་ཧ་ཅང་འབྲེལ་བ་ཡོད་པ་ཞིག་མཐོང་གི་འདུག  དེར་བརྟེན་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་སྨིན་པའི་ཞབས་འདེགས་སྒྲུབ་དགོས་ན་དང་ཐོག་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་རྒྱ་གར་རང་གི་ནང་བསྐྱར་གསོ་གནང་ཐུབ་པ་དགོས། འདི་ནི་ངོས་ཀྱི་བསམ་ཚུལ་ཡིན། ཐེངས་འདིའི་ལྷན་ཚོགས་བརྒྱུད་ནས་མི་མང་པོ་ཞིག་ལ་དྲན་སྐུལ་གཏོང་ངེས་ཡིན། ཐུགས་རྗེ་ཆེ།

 

༼ གསུང་འཕྲིན་རྣམས་ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ནས་ཕབ་བསྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ། ༽

Share with your friends










Submit