ཟླ་བ་ ༡ ཚེས ༡༠ ༢༠༡༨
Published By Bhara Yeshi

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༠ རེས་གཟའ་ལྷག་པ།


༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༦ རེས་གཟའ་སྤེན་པའི་ཉིན། སྐབས་དང་པོའི་བོད་རྒྱའི་སློབ་ཕྲུག་དང་ཤེས་ལྡན་མི་སྣའི་བགྲོ་གླེང་ཚོགས་འདུ་དེ་བཞིན་གྲོང་ཁྱེར་སྦིལ་སི་སྦན་དུ་ཡོད་པའི་ཁོན་ཧྲི་ལན་ཚལ་རྩལ་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་ཁང་དུ་བསྐོངས་འཚོགས་གནང་ཡོད་པ་དང་། ཚོགས་བཞུགས་པ་ཚང་མས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བའི་གཉིས་སྨན་དབུ་མའ་ལམ་གྱི་སྲིད་བྱུས་དང་། བོད་རྒྱའི་གཞོན་སྐྱེས་ཕན་ཚུན་དབར་ཕྱོགས་གང་ཐད་ནས་འབྲེལ་ལམ་རྒྱ་བསྐྱེད་ཇི་ལྟར་གཏོང་ཐབས་སོགས་སྐོར་བགྲོ་གླེང་ལྷུག་པོ་གནང་བ་མ་ཟད། ཚོགས་འདུའི་ཐོག་ཚང་མས་ཁ་གཅིག་གྲགས་ཀྱིས་ཕན་ཚུན་འབྲེལ་འདྲིས་ཡོང་བའི་སྒྲིག་འཛུགས་ཤིག་དགོས་པ་གལ་ཆེར་གཟིགས་ཏེ། སྦིལ་སི་སྦན་བོད་རྒྱའི་སློབ་ཕྲུག་དང་ཤེས་ལྡན་མི་སྣའི་མཛའ་འབྲེལ་ཚོགས་པ་ཞིགས་ཀྱང་གསར་འཛུགས་ཞུས་ཡོད།

དེ་ཡང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག ཨོ་སི་ཀྲི་ལི་ཡའི་སྦིལ་སི་སྦན་གྲོང་ཁྱེར་དུ་ཡོད་པའི་ཁོན་ཧྲི་ལན་མཐོ་སློབ་ཀྱིུ་སློབ་ཕྲུག་ཀྲང་ཧྲུའུ་རིན་ལགས་ནས་ཚོགས་འདུ་དབུ་འཛུགས་གནང་བའི་གསལ་བསྒྲགས་དང་འབྲེལ། བགྲོ་གླེང་ཚོགས་འདུ་བསྐོང་དགོས་པའི་དགོས་དམིགས་ངོ་སྤྲོད་དང་། ཚོགས་འདུའི་མཛད་རིམ་སྙིང་བསྡུས་ངོ་སྤྲོད་གནང་རྗེས། ཁོན་ཧྲི་ལམ་ཚན་རྩལ་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སློབ་ཕྲུག་ཁུང་དྷི་དབྱེ་ལགས་ནས་ཨིན་སྐད་དང་རྒྱ་སྐད་གཉིས་ཐོག་ནས་ཚོགས་ཞུགས་པ་ཚང་མར་ཚོགས་འདུ་དབུ་འཛུགས་ཀྱི་དགའ་བསུའི་འཚམས་འདྲི་ཞུས་ཡོད།

དེ་རྗེས་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་རྒྱ་བོད་སྐད་ཡིག་གཉིས་ཐོག་སྤྱིར་བོད་ཀྱི་གནད་དོན་ཞེས་པར་ངོས་འཛིན་གནང་སྟངས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་གྲུབ་འབྲས། བོད་རྒྱ་གཉིས་བར་གྱི་ད་ལྟའི་གནས་སྟངས་དང་མ་འོངས་འཕེལ་ཕྱོགས། རྒྱ་ཆེའི་རྒྱ་རིགས་མི་མང་མཉམ་དུ་འབྲེལ་ལམ་འཛུགས་དགོས་པའི་གལ་ཆེའི་སྲིད་བྱུས་གཏན་བའེབས་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་སྐོར་གསུང་བཤད་ཞིབ་ཅིང་ཕྲ་བ་གནང་རྗེས། འབྲེལ་ཡོད་ཚོགས་ཞུགས་པ་ཚོས་དོགས་འདྲི་གནང་བ་ཁག་ལའང་ལན་འདེབས་མཐིལ་ཕྱིན་ཞུས་ཡོད།

དེ་རྗེསཚོགས་ཞུགས་པ་ཚང་མས་ཨོ་ས་ཀྲི་ལི་ཡར་ཡོད་པའི་བོད་རྒྱ་གཉིས་དབར་གྱི་གཞོན་སྐྱེས་དང་། སློབ་ཕྲུག ཤེས་ཡོན་མི་སྣའི་བར་འབྲེལ་ལམ་བཙུགས་སྟངས་དང་ལས་དོན་སྤེལ་ཕྱོགས། དམིགས་བསལ་ཕན་ཚུན་འགོ་འཁྲིད་མཁན་གྱི་སྒྲིག་འཛུགས་ཤིག་དགོས་མིན་སྐོར་བགྲོ་གླེང་ལྷུ་པོ་གནང་སྟེ། ཚང་མས་མགྲིན་དབྱངས་གཅིག་འགྱུར་ཐོག་ངོས་འཛིན་ཞུས་དོན་ལ། ཨོ་སི་ཀྲི་ལི་ཡའི་ས་གནས་ཁག་ཏུ་བོད་རིགས་མཐུན་ཚོགས་དང་ཆོས་ཚོགས་ཁག་ཚགས་ཚུད་ལེགས་པོ་ཡོད་ཀྱང་། བོད་རྒྱ་གཉིས་དབར་ཕན་ཚུན་རྒྱུན་འབྲེལ་གྱི་ལམ་ལུགས་བརྟན་ཚུགས་ཤིག་མེས་སྟབས། ཨོ་གླིང་དུ་རྒྱ་རིགས་འདུས་སྡོད་ཆེ་བའི་ས་གནས་ཁག་ཏུ་བོད་རྒྱ་གཉིས་དབར་གྱི་འབྲེལ་ལམ་གོང་སྤེལ་གཏོང་ཐབས་སུ་ཚོགས་པ་འདྲ་མིན་གསར་འཛུགས་དགོས་པ་གལ་ཆེ་གཟིགས་ཏེ། གྲོང་ཁྱེར་སྦིལ་སི་སྦན་དུ་སྦིལ་སི་སྦན་བོད་རྒྱའི་སློབ་ཕྲུག་དང་ཤེས་ལྡན་མི་སྣའི་མཛའ་འབྲེལ་ཚོགས་པ་(Brisbane Sino-Tibetan Students and Scholars Association,BSTSA)ཞེས་པ་གསར་པ་འཛུགས་རྒྱུའི་ཐག་གཅོད་ཞུས།

དེ་ཡང་མང་གཙོའི་འགྲོ་ལུགས་ལྟར། ཚོགས་པ་དེའི་སྐབས་དང་པོའི་རྒྱུན་ལས་བོད་རིགས་གཅིག་དང་རྒྱ་རིགས་གཉིས་བཅས་འདེམས་ཐོན་བྱུང་བར། ལས་འཛིན་ཚོགས་གཙོར་ཁོན་ཧྲི་ལན་ཚན་རྩལ་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་བུ་མོ་ཤེས་རབ་མཚོ་མོ་ལགས་བསྐོ་གཞག་དང་། ལག་བསྟར་ཚོགས་གཙོར་རྒྱ་རིགས་སློབ་ཕྲུག་ཀྲང་ཧྲུའུ་རིན། དྲུང་ཡིག་ཏུ་སློབ་ཕྲུག་དབྱེ་སུང་ནན་བཅས་མི་གསུམ་གཏན་འཁེལ་བྱུང་བ་མ་ཟད། ཚང་མས་ཆོས་དང་རིག་གཞུང་། ཆབ་སྲིད་དང་འཛིན་སྐྱོང་གང་ཅིའི་ཐད་སློབ་སྟོན་པ་གཉིས་དགོས་པའི་དགོངས་འཆར་ཕེབས་པ་ལྟར། ལྷ་རམས་དགེ་བཤེས་ཐུབ་བསྟན་རིན་ཆེན་ལགས་དང་། ཞིབ་འཇུག་སློབ་ཕྲུག་ཁུང་དྷེ་དབྱེ་རྣམ་གཉིས་སློབ་སྟོན་པར་བསྐོ་གཞག་མཛད།

མཐའ་མཇུག་ཏུ་བདམ་ཐོན་རྒྱུན་ལས་རྣམས་ནས་ཟླ་བ་གཅིག་ནང་ཚུན་ཚོགས་པ་འདི་ཁྲིམས་མཐུན་དེབ་བསྐྱེལ་བྱེད་ཚར་བ་གནང་རྒྱུ་དང་། ཚང་མས་ཡིད་ཆེས་གནང་བར་ཆུད་ཟོས་སུ་མི་གཏོང་བར་བོད་རྒྱ་གཉིས་དབར་ཕན་ཚུན་རྒྱུས་ལོན་བྱ་རྒྱུ་ནས་མགོ་འཛུགས་ཏེ་རིམ་བཞིན་ཆོས་དང་རིག་གཞུང་། སྐད་ཡིག ཆབ་སྲིད་ལས་འགུལ་སོགས་ཕྱོགས་གང་ཐད་ནས་འབྲེལ་ལམ་འཛུགས་ཐུབ་པར་འབད་བརྩོན་གནང་རྒྱུའི་ཁས་ལེན་དམ་བཅའ་གནང་སོང་། དེ་ནས་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་བདམ་ཐོན་རྒྱུན་ལས་དང་སློབ་སྟོན་པ་རྣམ་པར་འཚམས་འདྲི་དང་འབྲེལ་མ་འོངས་ལས་དོན་ཡག་པོ་ཡོང་བའི་རེ་བ་དང་སྨོན་འདུན་ཞུས་ཏེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །

Share with your friends










Submit