ཟླ་བ་ ༡ ཚེས ༦ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༦ རེས་གཟའ་སྤེན་པ།

༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་འགན་འཛིན་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་གྲངས་ཁྲི་ལྔ་ཙམ་ལ་སཱ་ལུ་ལྗང་པའི་མདོའི་ཆོས་འབྲེལ་སྩལ་ཡོད།

དེ་ཡང་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གསུང་ཆོས་ར་བར་༸ཞབས་སོར་འཁོད་མཚམས་ས་སྐྱ་ཁྲི་འཛིན་སྐྱབས་མགོན་གོང་མ་རཏྣཱ་བཛྲ་རིན་པོ་ཆེ་མཆོག་དང་།  དགའ་ལྡན་ཁྲི་ཐོག་ ༡༠༤ སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས།  རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ཀ་ཐོག་དགེ་རྩེ་རིན་པོ་ཆེ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས་ཐོག་མར་པཱ་ལི་དང་དེ་ནས་ལེགས་སྦྱར་སྐད་ཐོག་ཤེས་རབ་སྙིང་པོ་སོགས་གཤིས་བརྗོད་གསུང་འདོན་གནང་།

དེ་ནས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། རྒྱ་གར་གྱི་སློབ་ཕྲུག་གཙོ་བོར་གྱུར་བའི་ཆོས་གྲོགས་ཚོར་ཁ་སང་ཞུས་པ་ནང་བཞིན་ང་ཚོ་འདིར་མི་མང་པོ་ཞིག་རུབ་རུབ་བྱས་ནས་འདུས་ཡོད། འགའ་ཤས་ས་ཐག་རིང་པོ་ནས་འདིར་ཡོང་ཡོད། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཐོག་ནས་ཡོང་བ་ཤ་སྟག་རེད། སྲོག་ཆགས་གྲོག་འབུ་ཚུན་ཆད་ཀྱང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཟེར་བ་དེར་རྒྱུ་མཚན་འགོད་མི་དགོས་པར་མཐོང་ཆོས་སུ་ཡོད།

སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་འདྲ་འདྲ་ཡིན་ཡང་རང་གཅིག་པུར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་དེར་བསམ་བློ་བཏང་ནས་ཕུགས་ལ་ཕན་གནོད་གང་ཡོད་བསམ་བློ་གཏོང་དགོས། རང་སྡུག་བསྔལ་མི་འདོད་པ་ལྟར། སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། ཅེས་དང་། གནའ་རབས་ནས་གཙོ་བོ་ཡིད་བློའི་སྒང་ནས་སྡུག་བསྔལ་ཡོང་བཞིན་ཡོད་པ་དང་། བདེ་སྐྱིད་དེའང་གཙོ་བོ་ཡིད་བློ་མ་གཏོགས་ལུས་ཚོར་དེ་ཙམ་གལ་ཆེན་པོ་བརྩིས་མེད། དེར་བརྟེན་གཙོ་བོ་ཡིད་བློའི་སྒང་ནས་འགྲོ་བཞིན་ཡོད། ཡིད་བློའི་སྒང་ནས་མ་སྐྱིད་པ་ཡོང་རྒྱུ་དེ་བློ་གང་ཞིག་སྐྱེས་པ་ཡིན་ན་སེམས་བརྒྱུད་མ་ཞི་བར་བྱེད་མཁན་ཞེས་གང་ལྟར་རང་རྒྱུད་ལྡན་གྱི་གང་ཟག་ཉོན་མོངས་པར་བྱས་པའམ་མ་སྐྱིད་པ་བཟོ་མཁན། སྡུག་བསྔལ་ལ་སྦྱོར་མཁན་དེ་འདྲ་ཞིག་ལ་ཉོན་མོངས་ཞེས་མིག་བཏགས་ཡོད།

ཞེ་སྡང་ཡོང་རྒྱུ་དེ་ཆགས་པ་དང་འབྲེལ་ནས་ཡོང་བཞིན་ཡོད། ཇི་ཙམ་གྱི་ཡིད་དུ་འོང་པའི་ཕྱི་ནང་གི་ཆོས་གང་དང་གང་ཡིན་ནའང་ཡིད་དུ་འོང་པའི་ཆོས་ལ་ཇི་ཙམ་གྱིས་ཞེན་ཆགས་ཡོད་པ་དེའི་ཚོད་ཀྱིས་མི་མཐུན་ཕྱོགས་འཕྲད་སྐབས་སྡང་བ་དེ་ཡོང་བཞིན་ཡོད། ཆགས་སྡང་གཉིས་འབྲེལ་བ་འདུག དེར་བརྟེན་རྒྱ་གར་གྱི་ཆོས་བརྒྱུད་གཙོ་ཆེ་ཚང་མས་འདོད་ཆགས་ཀྱི་སྐྱོན་ལ་བརྟེན་ནས་སེམས་མ་སྐྱིད་པ་ཡོང་བཞིན་འདུག་ཅེས་དང་།  འདོད་ཆགས་ལ་ཕྱིའི་འདོད་ཡོན་ལ་ཆགས་པའི་ཆགས་པ།  དཔེར་ན་མུ་སྟེགས་གཅེར་པུ་བ་ལྟ་བུ་མཚོན་ན། མུ་སྟེགས་པའི་ཉམས་ལེན་པ་ཚོས་ཟས་དང་སྤྱོད་ལམ་གང་ཡིན་རུང་དཀའ་ཐུབ་ལ་བརྟེན་ནས་བྱ་རྒྱུ་དེས་འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་བལྟས་ནས་དེ་ལ་ཆགས་པའི་འདོད་ཆགས་དེ་ཉུང་དུ་གཏོང་བཞིན་ཡོད། དེ་ལྟར་ཁམས་གསུམ་ལ་དབྱེ་ནས་འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་ཁམས་ཞེས་དབྱེ་བཞིན་ཡོད། ཐེངས་གཅིག་མུ་སྟེགས་པའི་བླ་མ་ཞིག་ལ་ཁམས་གསུམ་དབྱེ་དགོས་པའི་རྒྱུ་མཚན་དྲིས་པ་ཡིན། རྒྱུ་མཚན་གསུང་རྒྱུ་མི་འདུག

ང་ཚོས་བསམ་བློ་བཏང་བ་ཡིན་ན། སེམས་ཕྲ་རགས་ཟེར་ནའང་མི་འདུག  ཏིིང་ངེ་འཛིན་གྱི་སྒོ་ནས་སེམས་སྒོ་ལྔའི་ཤེས་པའི་རྗེས་སུ་མི་འབྲང་བའི་སེམས་ཤིག་ཡོད། ཏིང་ངེ་འཛིན་སྒོམ་ནས་ཡོང་རྒྱུ་ཡོད། དེ་འདྲ་བར་ནང་གསེས་ཀྱི་ཕྲ་རགས་ཡོད་སྟབས་རྒྱུ་བསམ་གཏན་ཟེར་ནའང་མི་འདུག གང་ལྟར་ཏིང་ངེ་འཛིན་གྱི་བློའི་ཡོན་ཏན་ལ་ཕྲ་རགས་དེ་ལྟ་བུ་ཡོད་སྟབས། དེའི་འབྲས་བུ་ཁམས་གསུམ་ཟེར་བ་ཞིག་ཕལ་ཆེར་དེ་འདྲ་བྱས་ནས་ཡོང་གི་མེད་དམ། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། སློབ་མ་ཚོས་བླ་མར་བརྟག་དཔྱད་ཡག་པོ་བྱས་ནས་བླ་མར་བསྟེན་དགོས་པ་ལས་ལམ་སང་དད་པ་བྱས་ནས་འགྲོ་སྐབས་རྒྱ་རིགས་ནང་པ་ཁག་གཅིག་གིས་དེང་སྐབས་བོད་ནས་རྒྱ་ནག་ཏུ་ཆོས་ཀྱི་རྗེ་བོར་ Dharma Raja ཡིན་ཟེར་ནས་ཆོས་ཀྱི་རྗེ་བོར་དགོས་རྒྱུ་དེ་དངུལ་དང་བུད་མེད་རེད་འདུག ཅེས་ངོས་ལ་བརྗོད་མཁན་བྱུང་། ཧ་ཅང་ཐབས་སྐྱོ་པོ་རེད།

སྔ་ལོར་ཧར་ཡ་ན་མངའ་སྡེའི་ནང་གི་མུ་སྟེགས་པའི་བླ་མ་ཞིག་ཚུལ་མིན་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་བརྟེན་མཐར་ཁྲིམས་ཁང་ནས་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། དེ་ཕན་པོ་འདྲ་བྱུང་། ཕྱོགས་མཚུངས་ཨ་རི་སོགས་ཀྱི་ནང་དུའང་བོད་པའི་བླ་མ་ཞབས་འདྲེན་ཞུ་མཁན་དེ་འདྲའང་ཡོད་ས་རེད། དེར་བརྟེན་ཁྱེད་རང་ཚོས་ལམ་སང་བླ་མར་བསྟེན་མི་རུང་། དུས་ཚོད་གང་ཙམ་རིང་བགྲོ་གླེང་དང་། ཉམས་ཞིབ། བླ་མའི་ཡོན་ཏན་ཚང་མིན་དཔྱད་པ་བྱོས། ཞེས་སོགས་ཀྱི་བཀའ་སློབ་སྩལ།

སང་ཕྱི་ཚེས་ ༧ ཉིན་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་ Nitish Kumar མཆོག་མཛད་སྒོར་ཕེབས་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit