Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༢ རེས་གཟའ་མིག་དམར།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་གནས་གཟིགས་མཛད་པ་མ་ཟད། སྟོན་པ་ཐུབ་པའི་དབང་པོའི་རྟེན་གཙོའི་དྲུང་དུ་ཤེས་རབ་སྙིང་པོ་སོགས་གསུང་འདོན་དང་སྦྲགས་ཐུགས་སྨོན་མཛད། 

དེ་ཡང་མགོན་པོ་གང་ཉིད་མཆོག་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་གཟིམ་ཆུང་ཕོ་བྲང་ནས་ཆིབས་སྒྱུར་སྐྱོང་སྐབས་བོད་མི་དང་ཧི་མཱ་ལ་ཡ་མི་རིགས་གཙོ་བོར་གྱུར་བའི་ནང་པ་དང་། ནང་པ་མིན་པའི་ཡུལ་གྲུ་འདྲ་མིན་ནས་དད་ལྡན་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བས་ལག་ཏུ་མེ་ཏོག་དང་མཇལ་དར། བདུག་སྤོས་སོགས་ཐོགས་ནས་ཕེབས་བསུ་དང་མཇལ་ཁ་ཞུས།

དེ་རྗེས་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་༸ཞབས་སོར་འཁོད་མཚམས་རྒྱལ་སྒོའི་དྲུང་དུ་དཔལ་ས་སྐྱ་ཁྲི་འཛིན་སྐྱབས་མགོན་གོང་མ་རཏྣཱ་བཛྲ་རིན་པོ་ཆེ་ Ratna Vajra མཆོག་དང་གདུང་སྲས་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག  ཨ་བྷཱ་ཡ་བཛྲ་རིན་པོ་ཆེ་མཆོགབཅས་ཀྱིས་གཙོས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གྲུབ་མཚམས་དཔལ་ས་སྐྱ་པའི་རྒྱལ་སྤྱིའི་སྨོན་ལམ་ཆེན་མོ་ཐེངས་ ༢༦ འཚོགས་བཞིན་པར་ཐུགས་སྨོན་དང་སྣང་གསལ་ཞལ་ཕྱེ་མཛད་ནས་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་ཆིབས་སྒྱུར་བསྐྱངས།

ཐེངས་འདིར་༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཉེན་སྲུང་ཐོག་གྷ་ཡ་ཉེན་རྟོག་འགོ་དཔོན་ S.S.P ལྕམ་གྷ་རི་མ་ Garima ལགས་ལ་འདི་གའི་གསར་འགོད་པས་དྲི་བར་ལན་འདེབས་འདི་ལྟར་གནང་དོན།

ཐེངས་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་གནང་མཛད་པར་བརྟེན་གྷ་ཡ་རྫོང་ལས་ཁུངས་ནས་༸སྐུའི་ཕྱྭའི་ཉེན་སྲུང་ཆེད་ཉེན་རྟོག་མི་སྣ་ ༣༠༠༠ ཙམ་ས་གནས་གང་སར་འགྲེམས་འཇོག་བྱས་པ་མ་ཟད། འཕྲལ་སེལ་ཉེན་རྟོག་ལས་ཁུངས་ ༢༠ བཙུགས་ཡོད། ཕྱོགས་མཚུངས་བསྐོར་བསྐྱོད་ཉེན་སྲུང་བྱེད་མཁན་རིམ་པ་གསུམ་ཡོད། རྐང་ཐོག་དང་འཁོར་ལོ་གཉིས་ཅན། དེ་བཞིན་འཁོར་ལོ་བཞི་ཅན་བཅས་གྲ་སྒྲིག་ཞུས་ཡོད།  ཅེས་གསུངས། 

དེ་བཞིན་གསར་འགོད་པས་ཐེངས་འདིར་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་གནས་གཟིགས་སུ་ཆིབས་སྒྱུར་སྐྱོང་སྐབས་འདིར་༸སྐུ་ཕྱྭའི་ཉེན་སྲུང་ཐོག་གྲ་སྒྲིག་གང་འདྲ་ཡོད་མེད་འདྲི་སྐབས་ཉེན་རྟོག་འགོ་གཙོ་གྷ་རི་མ་ལགས་ཀྱིས་བྱང་ཆུབ་ཆེན་མོའི་ཐེབས་རྩ་ཁང་ Mahabodhi Society ནས་དེའི་ཐད་སྔོན་ཚུད་ནས་གྲ་སྒྲིག་ཚགས་ཚུད་ཞུས་ཟིན་འདུག ཅེས་གསུངས།།

Share with your friends










Submit