ཟླ་བ་ ༡ ཚེས ༡༢ ༢༠༡༨
Published By Bhara Yeshi

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༢ རེས་གཟའ་པ་སངས།


༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༠ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པུ་ནེ་གྲོང་ཁྱེར་ནང་ཡོད་པའི་བོད་པའི་སློབ་ཕྲུག་དང་། ཚོང་པ་སོགས་ཁྱོན་མི་གྲངས་ ༡༣༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༩ འགྲོ་བཞིན་ཡོད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་སོ་སོའི་ལུང་པ་བྲལ་ཏེ་སེམས་སྐྱོ་པོ་འདྲ་ཞིག་རེད། སེམས་སྐྱོ་ཤོས་ནི་བོད་ནང་ཕྱི་ལོ་ ༡༩༥༦ ཙམ་ནས་བོད་རྒྱ་ཆེ་མི་མང་དངོས་འབྲེལ་སྡུག་བསྔལ་ཧ་ཅང་མྱངས་པ་རེད། མི་འབུམ་ཁ་ཤས་བསད་པ་རེད། ཧ་ཅང་ཐབས་སྐྱོ་བོ་རེད།

ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ང་ཚོར་རྐྱེན་ངན་འདི་བྱུང་ནས་བཙན་བྱོལ་དུ་བོད་པ་གང་ཙམ་སླེབས་ཡོད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་ཐོག་མར་རྒྱ་གར་དུ་འབྱོར་བ་རེད། སྐབས་དེར་འཛམ་གླིང་སྟེང་བོད་པའི་གནས་ཚུལ་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། དེང་སྐབས་འཛམ་གླིང་ས་ཆ་མང་པོ་ཞིག་ལ་བོད་ཅེས་བརྗོད་སྐབས་དོ་སྣང་བྱ་ཡུལ་ཞིག་དང་། ལྷག་པར་ཤེས་ཡོན་ཅན་ཁྲོད་སངས་རྒྱས་པའི་ཆོས་ལ་དད་པ་ཁོ་ན་མིན་པར། རྒྱུ་མཚན་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་འདི་འཛམ་གླིང་འདིའི་སྟེང་ནང་པའི་ལུང་པ་མང་པོ་ཡོད། ཕལ་ཆེར་ནང་པ་དུང་ཕྱུར་བཅུ་གྲངས་ཡོད་པའི་ནང་ནས་ནང་ཆོས་འགྲེལ་བཤད་རྒྱག་ཐུབ་མཁན་ནི་ཕལ་ཆེར་བོད་སྐད་གཅིག་པུ་ཡིན་ངེས་རེད།

དེར་བརྟེན་དེ་འདྲའི་ཐོག་ནས་དེང་ནང་ཆོས་ཐོག་ནས་མིའི་བསམ་བློའི་འགྲོ་སྟངས་དང་དངོས་པོའི་གནས་ཚུལ་འགྲེལ་བཤད་རྒྱག་སྐབས་ཚན་རིག་པ་དེ་ཚོའི་གྲས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག

ང་ཚོ་བཙན་འབྱོལ་དུ་མ་སླེབ་པར་བོད་དུ་ཡོད་ན། སྔ་མོའི་ལུགས་སྲོལ་ཁོ་ན་བྱས་ནས་སྡོད་རྒྱུ་ཡིན་པ་ཕལ་ཆེར་རེད། དེ་འདྲ་མིན་ནམ། ང་ཚོ་བཙན་བྱོལ་བ་ཆགས་པའི་རྐྱེན་གྱིས་འཛམ་གླིང་གང་སར་འབྲེལ་བ་བྱུང་བ་དང་། མཁས་དབང་མང་པོ་ཐུག་རྒྱུ་དང་གོ་བསྡུར་བྱ་རྒྱུའི་གོ་སྐབས་བྱུང་སྐབས་སུ་གཞི་ནས་ང་ཚོ་བོད་པས་ལོ་སྟོང་ཕྲག་རིང་དཔལ་ནཱ་ལེནྡཱའི་རིག་གནས་ཟེར་ནའང་མི་འདུག དེ་ཚོའི་གྲས་ང་ཚོ་བོད་པས་བདག་པོ་བརྒྱབ་ནས་ད་ལྟ་ཡིན་ནའང་གསལ་པོ་ཡོད་པ་འདི་ང་ཚོ་བཙན་བྱོལ་ལ་སླེབས་པའི་བྱས་རྗེས་ཆེ་ཤོས་ཆགས་ཡོད།

ཁྱེད་རང་ཚོར་ཆ་བཞག་ནའང་། མང་ཆེ་བ་རྒྱ་གར་ནང་སྐྱེས་པ་རེད། ང་ཚོ་བོད་ལ་ཡོད་པ་ཡིན་ན། སྔ་མོ་འགྲོ་སྟངས་རང་བྱས་ནས་སྡོད་ཀྱི་རེད། འདིར་སླེབས་ནས་ཕལ་ཆེར་འཐོམ་སངས། དེང་དུས་ཀྱི་ཤེས་ཡོན་སྦྱང་རྒྱུའི་གོ་སྐབས་ཡག་པོ་ཐོབ་ཡོད། ང་ཚོ་བཙན་བྱོལ་བ་ཆགས་པ་ནི་སེམས་སྐྱོ་པོ་དང་རྐྱེན་ངན་ཐབས་སྡུག་བྱུང་བ་འདི་བོད་ཀྱི་ཁ་དཔེར། རྐྱེན་ངན་གྲོགས་ལ་ཤར་ཞེས་བརྗོད་སྲོལ་ཡོད་པ་ལྟར། ཕལ་ཆེར་རྐྱེན་ངན་གྲོགས་ཤར་རེད། རྐྱེན་ངན་པ་ཧ་ཅང་བྱུང་བ་རེད།  འོན་ཀྱང་རྐྱེན་ངན་བྱུང་བའི་རྐྱེན་གྱིས་བོད་མི་རིགས་ཀྱི་འཐོམ་ཡར་སངས་རྒྱུ་དང་འཛམ་གླིང་འདིའི་སྟེང་དཔེར་ན། བོད་སྨན་གསོ་བ་རིག་པར་མཚོན་ནའང་། དེང་སྐབས་མི་མང་པོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་བཞིན་ཚད་མ་རིག་པ་བོད་གཅིག་པུར་མ་གཏོགས་ནང་པའི་ལུང་པ་སུ་ལའང་མེད། འབར་མ་དང་ཐ་ཡེ་ལེནྜི་དེ་ཚོ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རེད། ཚད་མ་རིག་པ་རེད། རྒྱ་ནག་ལ་ཆ་བཞག་ན། རྩ་བའི་ནཱ་ལེནྡཱའི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཡིན་ཡང་ཁོང་ཚོར་འདོན་པ་འདོན་རྒྱུ་དང་སྨོན་ལམ་རྒྱག་རྒྱུ་ཙམ་མ་གཏོགས་བོད་ཀྱི་བཤད་གྲྭ་ཁག་དེ་ཚོ་ལོ་ ༢༠།༣༠ དཔེ་ཆ་བལྟས་ནས་རྟགས་གསལ་བཏང་བྱེད་རྒྱུ་རིགས་མི་འདུག བོད་པ་གཅིག་པུ་རེད་འདུག

ངོས་ཀྱི་ངོ་ཤེས་པའི་ཉི་ཧོང་བླ་མ་ཡག་པོ་ཞིག་ཡོད། ཁོང་མཁས་པའང་རེད།  དེབ་མང་པོ་བྲིས་འདུག ངོས་གཉིས་ནང་ཚགས་གྲོགས་པོ་ཆགས་པ་རེད། ཁོང་གིས་ངོས་ལ་གསུང་གི་ཡོད། ཉི་ཧོང་གི་ནང་པ་ཚང་མས་ཤེས་རབས་སྙིང་པོ་འདོན་གྱི་རེད། འོན་ཀྱང་གོ་དོན་ཤེས་ཀྱི་མེད། ༸རྒྱལ་བ་རིན་པོ་ཆེས་ཤེས་རབ་སྙིང་པོ་སོགས་ཀྱི་འགྲེལ་བཤད་བརྒྱབ་པ་དེ་ཧ་ཅང་ཕན་ཐོགས་ཀྱི་འདུག ཧ་ཅང་ཡག་པོ་འདུག ཅེས་ཁོང་གིས་ངོས་ལ་བརྗོད་བྱུང་། ང་ཚོ་བོད་ལ་ཆ་བཞག་ནའང་དབུས་གཙང་དང་། མདོ་སྟོད་སྨད་བཅས་ཆོལ་ཁ་གསུམ་ཡོངས་རྫོགས་ལ་བཤད་གྲྭ་རིས་སུ་མ་ཆད་པ་ས་སྐྱ། རྙིང་མ། བཀའ་བརྒྱུད། དགེ་ལུགས་བཅས་ཕྱིས་སུ་དགེ་ལུགས་དགོན་པ་དེ་དག་དཔེ་ཆ་ལྟ་རྒྱུར་ཤུགས་ཆེ་ཤོས་ཆགས་ཡོད། སྔ་མོ་ས་སྐྱ་ཧ་ཅང་ཡག་པོ་ཡོད་ཀྱང་བར་སྐབས་གང་ཙམ་ཉམས་པ་རེད།

ད་ཆ་རྟགས་གསལ་བཏང་ནས་དཔེ་ཆ་སློབ་གཉེར་བྱ་རྒྱུ་ཕལ་ཆེར་དགེ་ལུགས་དྲག་ཤོས་རེད་འདུག གང་ལྟར་ང་ཚོ་དེ་ལྟར་ནཱ་ལེནྡཱའི་མཁས་པའི་དབང་པོས་ལེགས་བཤད་བརྩམས་པ་དེ་དག་རྩ་བ་བློར་འཛིན། དཔེར་ན། ངོས་ལ་ཆ་བཞག་ནའང་དབུ་མ་འཇུག་པ་དང་། མངོན་རྟོགས་རྒྱན་སོགས་དེ་ཚོའི་གྲས་ཆུང་ངུའི་སྐབས་ནས་བློ་ལ་བཟུང་བ་ཡིན། དེ་ནས་འགྲེལ་བཤད་བརྒྱབ། དེ་ལྟར་ཚད་མ་རིག་པ་རྟགས་གསལ་བཏང་ནས་འགྲོ་རྒྱུ་འདི་ཧ་ཅང་རེད་འདུག ནཱ་ལེནྡཱའི་ཆོས་བརྒྱུད་བོད་ལ་མཁན་ཆེན་ཞི་བ་འཚོས་དུས་རབས་ ༨ ནང་ངོ་སྤྲོད་གནང་ནས་ང་ཚོ་བོད་པས་མི་རབས་ནས་མི་རབས་བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་བོད་ཡིག་ནང་སྔོན་གྱི་བོད་པའི་མེས་པོ་ཚོས་དཀའ་ལས་བརྒྱབ་ནས་ཚུར་བསྒྱུར་བ་ཡོངས་གྲགས་སུ་བཀའ་འགྱུར་བསྟན་འགྱུར་ཞེས་པོ་ཏི་ ༣༠༠ ཙམ་ཡོད་པ་དེ་དག་ཚང་མ་བོད་ཡིག་ནང་ཡོད།

དེ་ལྟ་བུའི་བཀའ་འགྱུར་བསྟན་འགྱུར་རྒྱ་ཡིག་ནང་ཕལ་ཆེར་མེད་པའི་བཟོ་འདྲ་ཞིག་འདུག གཞན་ཡང་མདོ་ཁ་ཤས་རྒྱ་ཡིག་ནང་ཡོད་པ་དང་བོད་ཡིག་ནང་མེད་པ་དེ་འདྲའང་ཡོད། དེ་མིན་ཕལ་ཆེར་ནང་པའི་ལུང་པ་འབར་མ་དང་ཐ་ཡེ་ལེནྜི།  ཤྲི་ལངྐ་ཁུལ་དུ་པཱ་ལིའི་གཞུང་ཁོ་ན་མ་གཏོགས་མ་མི་འདུག ཕལ་ཆེར་བོད་ལ་ཡོད་པའི་ནང་ཆོས་ནི་འཛམ་གླིང་གི་གཅེས་ནོར་ལྟ་བུ་ཆགས་འདུག  དེར་བརྟེན་ངོས་ཀྱིས་སྤོབས་པ་བྱས་ཏེ་བོད་ཀྱི་ནང་ཆོས་ནི་དཔལ་ནཱ་ལེནྡཱ་ནས་བྱུང་བའི་ནང་ཆོས་རེད། ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ཆགས་ཡོད། དེ་སྔ་ཕྱི་ལོ་ ༡༩༦༠ ནང་ལྷ་ས་ནས་རང་སྐྱོང་ལྗོངས་གིས་དུས་དུས་སུ་དེབ་དེ་འདྲ་པར་འགྲེམས་བྱེད་ཀྱི་འདུག་པ་དེ་དག་ནང་། བོད་པ་དེ་ཚོ་ཧ་ཅང་རྨོངས་དད་ཆེན་པོ་རེད།   དེང་དུས་ཚན་རིག་སློབ་སྦྱོང་ཡར་རྒྱས་ཕྱིན་པ་ཡིན་ན། རྨོངས་དད་དེ་རང་བཞིན་མེད་པ་ཆགས་ཀྱི་རེད། ཅེས་ཡིག་ཆའི་ནང་བྲིས་འདུག

ཕྱི་ལོ་ ༡༩༦༠ ནང་མཐོང་ཚུལ་བྱུང་སྟེ་ཡིག་ཆ་དེ་བྲིས་པ་རེད། ད་ཆ་ཕྱི་ལོ་ ༢༠༡༧།༢༠༡༨ ནང་སླེབ་ཡོད། ཚན་རིག་གི་ཤེས་ཡོན་ཡར་རྒྱས་ཕྱིན་ནས་ནང་ཆོས་ལ་དད་པ་རླག་རྒྱུའི་ཚབ་ཏུ་ཚན་རིག་པ་སྐད་གྲགས་ཡོད་པ་མང་པོ་ཞིག་གི་རང་ཉིད་མི་ཚེ་ཧྲིལ་པོའི་རིང་ཚན་རིག་གི་ལས་དོན་ཁོ་ན་དོན་གཉེར་བྱས་ནས་ཆོས་དང་འབྲེལ་བ་གང་ཡང་མེད། མི་སྒེར་པ་སོ་སོས་བོད་ཀྱི་ནང་ཆོས་ལ་ཉམས་ལེན་བྱེད་ཀྱི་ཡོད། ངོས་ཀྱི་ངོ་ཤེས་པ་གང་ཙམ་ཡོད།

རྩ་བའི་ཚན་རིག་པའི་ནང་ཡི་ཤུ་དེ་འདྲའང་ཡོད་ཀྱང་། ཐོག་མར་ཆོས་ལ་ཡིད་ཆེས་མེད། ཕྱིས་སུ་བསམ་བློ་བཏང་སྟེ་ཞིབ་འཇུག་བྱེད་ཡོང་སྐབས་གཞི་ནས་དོ་སྣང་དང་ཡིད་ཆེས་སླེབ་བཞིན་ཡོད།  དེ་འདྲ་ཡོང་ཐུབ་པ་བཟོ་མཁན་བོད་ཀྱི་ནང་ཆོས་ཁོ་ན་རེད་མ་གཏོགས་ཆོས་ལུགས་གཞན་ལ་ཕལ་ཆེར་མེད།  ཕྱི་ལོ་ ༡༩༦༠ ནང་རྒྱ་མིས་བསམ་བཏང་བ་དེ་དང་དངོས་ཡོད་གནས་སྟངས་གཉིས་ལྡོག་ཕྱོགས་ཆགས་ཡོད།  ཚན་རིག་གི་ཤེས་ཡོན་ཡར་རྒྱས་འགྲོ་སྐབས་ཆོས་དད་རླག་རྒྱུའི་ཚབ་ཏུ་ཆོས་དད་བརྟན་དུ་ཕྱིན་ཡོད།

ཚན་རིག་པ་དེ་འདྲ་ཚུར་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་པ་དེ་འདྲ་ཡོང་མུས་རེད། དཔེར་ན་ངོས་ལ་ཆ་བཞག་ན། ཚན་རིག་བསླབ་མེད། ཚན་རིག་ལ་དོ་སྣང་ཧ་ཅང་ཡོད། དམིགས་བསལ་སློབ་སྦྱོང་གང་ཡང་བྱས་མེད། དེང་དུས་ཀྱི་ཤེས་ཡོན་གང་ཡང་བསླབ་མྱོང་མེད། འོན་ཀྱང་ཚན་རིག་པ་སྐད་གྲགས་ཡོད་པ་དེ་འདྲ་དང་མཉམ་དུ་སྡོད་དུས་ཁོང་ཚོ་ལས་ངོས་རང་ཁ་བདེ་བ་ཡོད་པའི་བཟོ་འདྲ་ཞིག་འདུག

 

བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་བོད་ཀྱི་དོན་གྱི་བདག་པོ་རེད། བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་རི་བཙུགས་པ་ལྟར་ཡོད་པར་བརྟེན། རྒྱ་ནག་གཞུང་གི་མཐོ་རིམ་མི་སྣ་གནད་ཡོད་གནས་ཚུལ་བསམ་བློ་གཏོང་མཁན་དེ་ཚོའི་གྲས་ཀྱིས་རྒྱ་ནག་གི་ད་ལྟའི་སྲིད་བྱུས་འདི་འགྲིག་གི་མེད་པ་དང་། ནོར་འཁྲུལ་ཡིན་པ། ད་ཆ་སྲིད་བྱུས་གསར་པ་ཞིག་གི་སྟེང་འགྲོ་དགོས་ཀྱི་འདུག ཅེས་དེ་འདྲའི་བསམ་བློ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ནང་གང་ཙམ་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་འདུག རིམ་པས་འགྱུར་བ་ཏན་ཏན་ཡོང་གི་རེད།

བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་དང་འགྱུར་བ་མེད་པར་བསྡད་པ་རེད། ང་ཚོ་བཙན་བྱོལ་ནང་བོད་པ་ཉུང་ཤས་ཡིན་ཡང་བོད་རྒྱ་ཆེ་མི་མང་གི་ཚབ་བྱས་ཏེ་བོད་མི་རིགས་ཀྱི་ཞབས་འདྲེན་ཞུས་མེད། བོད་མི་རིགས་ཟེར་དུས་འཛམ་གླིང་འདིའི་སྟེང་ཕྱར་བ་གྲུ་འདེགས་ཡོང་རྒྱུ་ཞིག་ང་ཆོས་བྱེད་ཀྱི་ཡོད། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། ད་དུང་ཡིན་ནའང་ལྷག་བསམ་དང་སྙིང་སྟོབས་སྐྱེས་ནས་སེམས་མ་ཞུམ་པར་ཉིན་ལྟར་སེམས་སྐྱེད་པོ་བྱོས་ཨང་། འོན་ཀྱང་སེམས་སྐྱིད་པོ་ཡོང་གི་འདུག་ཟེར་ནས་ཆང་རག་རིགས་འཐུང་མི་རུང་། མཁྱེན་སོང་ངམ། བསམ་བློ་གཏོང་སྟངས་ཐོག་ནས་སེམས་སྐྱིད་པོ་བཟོ་དགོས། ཆང་རག་དང་ཉལ་ཐ་འཐེན་ནས་སེམས་སྐྱིད་པོ་ཡོང་རྒྱུ་མེད། འདི་ལྐུགས་པ་རེད། ང་རང་ཚོ་བསམ་བློ་གཏོང་སྟངས་ཐོག་ནས་མི་རིགས་ཀྱི་ལོ་རྒྱུས་དང་། ད་ལྟའི་མི་རིགས་ཀྱི་དཔའ་བོ་དེ་དག་བསམ་བློ་གཏོང་ན། སེམས་ལ་སྤོབས་པ་སླེབ་ཀྱི་རེད། དེ་ལྟར་བྱོས་ཨང་། ཞེས་སོགས་ཀྱི་བཀའ་སློབ་སྩལ།།

Share with your friends










Submit