Published By Bhara Yeshi

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༡ རེས་གཟའ་ཕུར་བུ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མ་ཧ་ར་ཤི་ཌ་མངའ་སྡེའི་གྲོང་ཁྱེར་པུ་ནེའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ MAEER’s MIT ཞེས་པའི་མཐོ་སློབ་ཀྱི་སྐུ་ཚབ་དང་རྒྱ་གར་རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་  National Teachers Congress ཀྱི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༠ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པུ་ནེ་གྲོང་ཁྱེར་ནང་ཡོད་པའི་བོད་པའི་སློབ་ཕྲུག་དང་། ཚོང་པ། ཆེད་ལས་སློབ་སྦྱོང་གནང་མཁན་སློབ་མ་བཅས་ཁྱོན་མི་གྲངས་   ༡༣༠ ལྷག་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་པའིསྐོར་བཀའ་སློབ་སྩལ་དོན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་དག་སློབ་སྦྱོང་བྱེད་པར་བོད་ཀྱི་སྐད་ཡིག་ཐོག་ནས་འགྲེལ་བཤད་ཏག་ཏག་རྒྱག་ཐུབ་ཀྱི་ཡོད་པ་མ་ཟད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་དག་འགྲེལ་བཤད་རྒྱག་དགོས་ན་བོད་ཡིག་ནི་ཡག་ཤོས་རེད་ཅེས་དང་། དེ་བཞིན་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པར་བརྟེན། བོད་ཀྱི་གནས་སྟངས་དེ་ཡང་ཡག་ཏུ་འགྲོ་རྒྱུ་ཡིན་པ་རེ་བ་ཆེན་པོ་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ།

དེ་ནས་མགོན་པོ་གང་ཉིད་མཆོག་རྒྱ་གར་རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པའི་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་པུ་ནེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་མུག་ཏ་ཏི་ལག་ Mukta Tilak  མཆོག་གིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་མི་ཊི་མཐོ་སློབ་ཀྱི་འགན་འཛིན་དང་རྒྱ་གར་རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་གོ་སྒྲིག་གནང་མཁན་གཙོ་བོ་ར་ཧུལ་ Rahul Karad ལགས་ཀྱིས་ཕྱི་རྒྱལ་དང་རྒྱ་གར་རྒྱལ་ཡོངས་ནས་ཕེབས་པའི་དགེ་རྒན་རྣམས་ལ་ཕེབས་བསུ་ཞུས།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེང་སྐབས་འཛམ་བུ་གླིང་འདིའི་སྒང་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་ཡོང་གི་ཡོད་པས། འཛམ་གླིང་ནང་འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་སྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་གོང་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། རྟག་ཏུ་ཁོང་ཁྲོ་དང་འཇིགས་སྣང་བྱེད་ནས་བསྡད་ན་ལུས་པོའི་ནད་འགོག་བྱེད་ཀྱི་ཟུངས་དེ་ཉམས་ཆག་འགྲོ་རྒྱུ་ཡིན་པ་དང་། དེ་ལས་ལྡོག་སྟེ་བྱམས་བརྩེའི་བློ་དེས་ལུས་ཀྱི་ཟུངས་རྒྱས་པར་ཕན་ཐོགས་ཡོད་ཚུལ་ཚན་རིག་པས་བརྗོད་བཞིན་ཡོད། བྱམས་པ་དང་བརྩེ་བ་དེ་གལ་ཆེན་པོ་ཡིན་པ་ང་ཚོས་རྒྱུན་ཤེས་ཀྱི་ཐོག་ནས་རྟོགས་ཐུབ། ཐ་ན་དུད་འགྲོ་སེམས་ཅན་ཚོ་ལའང་བྱམས་པ་དང་བརྩེ་བ་གལ་ཆེན་པོ་ཡིན་པ་ང་ཚོས་རྟོགས་ཐུབ། དཔེར་ན་ང་ཚོས་སེམས་ཅན་བྱེ་བྲག་པ་ཞིག་ལ་ཁོང་ཁྲོ་བསྟན་ན། སེམས་ཅན་དེས་མ་དགའ་བའི་རྣམ་འགྱུར་སྟོན་གྱི་རེད།  གལ་ཏེ་ང་ཚོའི་གྲོང་པ་ཁྱིམ་མཚེས་ཤིག་མི་དྲང་པོ་དང་ལྷག་བསམ། བྱམས་བརྩེ་ལྡན་པ་ཞིག་ཡིན་ན་ང་ཚོས་ཁོང་ལ་བྱམས་བརྩེ་ལྡན་པའི་ཐོག་ནས་བརྩི་བཀུར་བྱེད་ཀྱི་རེད། དེ་ལས་ལྡོག་སྟེ་ང་ཚོའི་གྲོང་པ་ཁྱིམ་མཚེས་དེ་རྒྱུ་དཔལ་འབྱོར་དང་དབང་ཐང་ལྡན་པ་ཞིག་ཡིན་རུང་ཁོང་གིས་ནམ་ཡང་ང་ཚོར་འཛུམ་མདངས་ཤིག་སྟོན་གྱི་མེད་ཚེ། ང་ཚོས་ཁོང་ཐུགས་འདོད་བྱེད་ཀྱི་མ་རེད། དེ་ནི་འགྲོ་བ་མིའི་ཆོས་ཉིད་རེད།

དེང་རབས་ཤེས་ཡོན་སྤྲོད་སྟངས་དེ་ནི་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་རེད། འགྲོ་བ་མིའི་རང་བཞིན་ནི་བྱམས་བརྩེ་ཅན་གྱི་བདག་ཉིད་རེད། འོང་ཀྱང་དེང་རབས་ཤེས་ཡོན་ལམ་ལུགས་ཀྱིས་འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་བྱེད་ཀྱི་མེད། དེར་བརྟེན་ང་ཚོས་དེང་རབས་ཤེས་ཡོན་ལམ་ལུགས་ནང་བྱམས་པ་དང་འགྲོ་བ་མའི་བཟང་སྤྱོད་ཀྱི་སྐོར་སློབ་སྦྱོང་སྤྲད་དེ་དེང་རབས་ཤེས་ཡོན་ལམ་ལུགས་དེ་ཆ་ཚང་བ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་སང་དེ་རིང་འཛམ་བུ་གླིང་འདིའི་སྒང་ལ་ང་ཚོས་མཐོང་ཆོས་སུ་ཡོད་པའི་དཀལ་ངལ་དེ་དག་ནི་འགྲོ་བ་མིའི་སེམས་འཁྲུགས་ནས་བཟོས་པ་ཤ་སྟག་རེད། མང་པོ་ཞིག་ལ་འགྲོ་བ་མིའི་སེམས་འཁྲུགས་ནས་ཡོད་པ་དེ་ཇི་ལྟར་བཅོས་ཐབས་བྱེད་དགོས་མིན་སྐོར་ཤེས་ཀྱི་ཡོད་པ་མ་རེད། ངོས་ཀྱིས་སེམས་ཚོར་གྱི་བྱེད་ལས་དེ་དག་ཇི་ལྟར་ཡིན་མིན་སྐོར་ཤེས་པར་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དེ་དག་དེང་གི་སྤྱི་ཚོགས་ནང་དགོས་མཁོ་ཅན་ཞིག་ཆགས་ཡོད་པ་མ་ཟད། སློབ་སྦྱོང་རང་གི་འདུ་ཤེས་ཀྱི་ཐོག་ནས་རྒྱ་གར་ན་རབས་ཀྱི་སེམས་ཁམས་རིག་པའི་སྐོར་སློབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཤེས་ཡོན་ཐོག་བྱས་རྗེས་རླབས་ཆེན་བཞག་པའི་དགེ་རྒན་བཞི་ལ་ཇེ་ཝན་པུ་ར་སི་ཀར་Jeevan Gaurav Puraskar ཞེས་པའི་གཟེངས་རྟགས་བསྩལ།།

 

Share with your friends










Submit